ཝང་ཞི་ཅི།
ཝང་ཞི་ཅི། ཡུན་ནན་ཞིང་ཆེན་གྱི་མི་ཡིན། འཁོར་སྐར་དང་འཁོར་སྐར་ཕྱིར་ལོག་ལག་རྩལ་གྱི་ཆེད་མཁས་པ་དང་། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་གླིང་གི་ཡོན་ཧྲི་བཅས་ཡིན། ཁོང་ནི1942ལོར་ལྷོ་ནུབ་མཉམ་འབྲེལ་སློབ་གྲྭ་ཆེན་མོའི་འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་ནས་སློབ་མཐར་ཕྱིན། 1948ལོར་ཨ་རིའི་ཧྥུ་ཅི་ཉི་ཡའི་རང་བྱུང་རིག་པའི་སློབ་གླིང་དུ་སློབ་སྦྱོང་བྱས་ནས་རབ་འབྱམས་པའི་སློབ་གནས་བླངས། 1950ལོར་རྒྱལ་ནང་དུ་ཕྱིར་ལོག་ནས་སྔ་གཞུག་ཏུ་ཏ་ལེན་བཟོ་རིག་སློབ་གླིང་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཧྲང་ཧའེ་ཚན་རྩལ་སློབ་ཆེན་བཅས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་དང་དགེ་རྒན་ཆེན་མོའི་འགན་བཞེས། ཝང་ཞི་ཅི་ནི་རང་རྒྱལ་དུ་མེ་ཤུགས་འཕུར་མདའ་དང་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་ཞིབ་འཇུག་གསར་བཟོ་དང་སྒྲིག་འཛུགས་བྱེད་མཁན་སྔ་གྲས་ཀྱི་གཅིག་ཡིན་ལ། རང་རྒྱལ་གྱི་གཤེར་གཟུགས་འབར་རྫས་ཀྱི་མེ་ཤུགས་འཕུར་མདའ་ཐོག་མ་དང་གནམ་གཤིས་མེ་ཤུགས་འཕུར་མདའ་ཐོག་མ། སྐྱེ་དངོས་མེ་ཤུགས་འཕུར་མདའ་ཐོག་མ། མཁའ་དབྱིངས་ཚོད་ལྟའི་མེ་ཤུགས་འཕུར་མདའ་ཐོག་མ་བཅས་ཀྱི་ལག་རྩལ་འགན་འཁུར་བ་ཡིན་པ་མ་ཟད། རང་རྒྱལ་གྱི་འཁོར་སྐར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐོག་མ་སྟེ“རྒྱང་སྐྱོད་ཨང་དང་པོའི”ལག་རྩལ་ཇུས་གཞི་འདོན་མཁན་ཡང་ཡིན། ཁོང་ལ་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐེངས་གཉིས་ཐོབ་པ་དང་། “མདེལ་གཉིས་སྐར་གཅིག”གི་མཛད་རྗེས་གཟེངས་རྟགས་བསྩལ། །