ཀྲུང་གོ་བོད་ཀྱི་དྲ་བ།

“མདེལ་གཉིས་སྐར་གཅིག”ལ་མཛད་རྗེས་ཆེ་བའི་ཚན་རིག་པ_ཡུས་རྨིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུས་རྨིན། 

(1926ལོ——2019ལོ)

ལོ་ངོ་ཉེར་བརྒྱད་རིང་རང་མིང་སྦ་གསང་བྱས་ཏེ། ཀྲུང་གོའི་རྡུལ་ཕྲན་ཉིང་རྡུལ་གཞུང་ལུགས་ཀྱི་སྟོང་ཆ་བསྐངས་ནས། ཆིང་མདེལ་གྱི་ལག་རྩལ་ཐོད་བརྒལ་ལ་མཛད་རྗེས་བླ་མེད་བཞག ཁོང་ལ་མདེལ་གཉིས་སྐར་གཅིག་གི་མཛད་རྗེས་གཟེངས་བསྟོད་དང་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཚན་རིག་ལག་རྩལ་བྱ་དགའ། བཅོས་སྒྱུར་སྔོན་སྐྱོད་པའི་མཚན་སྙན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ནམ་ཡིན་ཡང་མི་གཅིག་གི་ཚེ་སྲོག་ནི་ག་དུས་ཞིག་ལ་ཡལ་འགྲོ་བས། རང་ཉིད་ཀྱི་ཉམས་ཆུང་བའི་སྟོབས་ཤུགས་དེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ཁྲོད་འདྲེས་སུ་འཇུག་ཐུབ་ན། དེ་ནི་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན་ཞེས་པའི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅིངས་ཡོད། ཡུས་རྨིན་ནི2019ལོའི་ཟླ1པོའི་ཚེས16ཉིན་པེ་ཅིན་དུ་སྐུ་གཤེགས་པ་དང་། དགུང་ལོ93ཡིན། 2019ལོའི་ཟླ9པའི་ཚེས17ཉིན། ཡུས་རྨིན་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་རྗེས་གཟེངས་རྟགས་བསྩལ་བ་རེད། །

“ང་ཚོའི་རྒྱལ་ཁབ་ལ་རང་ཉིད་ཀྱི་ཉིང་རྡུལ་སྟོབས་ཤུགས་མེད་པས། དོན་དངོས་ཀྱི་རང་བཙན་བྱེད་མི་ཐུབ། བརྗོད་གཞི་འདི་ལྟ་བུ་ཞིག་ལ་ཁ་གཏད་དེ། ང་ཚོར་གདམ་གསེས་གཞན་ནི་ཡོད་མི་སྲིད།......རང་ཉིད་ཀྱི་ཉམས་ཆུང་བའི་སྟོབས་ཤུགས་དེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་དོན་ཁྲོད་འདྲེས་སུ་འཇུག་ཐུབ་ན། དེ་ནི་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན”། ཡུས་རྨིན་ནི་གསང་བ་ལྐོག་གྱུར་གྱི་མི་ཞིག་ཡིན། གསང་རྒྱའི་རྒྱུ་རྐྱེན་གྱི་དབང་གིས། ཁོང་གི་གསུང་རྩོམ་མང་པོ་ཞིག་སྤྱི་བསྒྲགས་འགྲེམ་སྤེལ་བྱེད་ཐུབ་མེད། 1999ལོའི་ཟླ9པའི་ཚེས18ཉིན་གྱི་རྗེས་སུ། ཡུས་རྨིན་ད་གཟོད་ཀུན་གྱི་མཐོང་ལམ་དུ་མངོན་ཞིང་། “མདེལ་གཉིས་སྐར་གཅིག”གི་མཛད་རྗེས་བྱ་དགའ་ཐོབ་མཁན་མི23གྱི་གྲས་ཡིན་པའི་ཆ་ནས་གཏམ་བཤད་སྤེལ་བ་རེད། འདིའི་ཡར་སྔོན་ལ། ལས་དོན་གསང་རྒྱ་རང་བཞིན་གྱི་དབང་གིས་ཁོང་གིས་རང་མིང་སྦས་གསང་བྱས་ཏེ་ལོ་ངོ30ཙམ་འགོར་ཡོད། “གནམ་ས་གཡོ་བའི་བྱ་གཞག་དང་སྨྲ་བཅད་ངག་བསྡམས་ཀྱི་མི་ཚེ”ཞེས་པ་དེས་ཡུས་རྨིན་དང་ཉིང་རྡུལ་མཚོན་ཆ་གསར་བཟོའི་མི་ཚེ་ཧྲིལ་བོ་བསྡུས་འབྲི་བྱས་ཡོད།

རང་རྒྱལ་ཁབ་ནས་ཐོན་པའི་ཆེད་མཁས་པ་དང་པོ།

“ངས་འདི་རུ། ABCཕུད་པའི་གཞན་པ་དག་ནི་རང་རྒྱལ་གྱི་ཐོན་རྫས་ཏག་ཏག་ཡིན།......ཕྱི་འགྲིམས་སློབ་སྦྱོང་བྱེད་དགོས་ཏེ། ནུབ་ཕྱོགས་ཀྱི་སྔོན་ཐོན་ཚན་རིག་ལག་རྩལ་སློབ་སྦྱོང་བྱས་རྗེས། རྒྱལ་ནང་དུ་ལོག་ནས་རྒྱལ་ཁབ་ལ་བྱས་རྗེས་འཇོག་དགོས་པ་དང་། འོན་ཀྱང་མི་རྒས་ནས་ཡུལ་དྲན་དུས་ད་གཟོད་ཕྱིར་ལོག་པ་དེ་འདྲ་བྱེད་མི་རུང་སྟེ། བྱས་འབྲས་སྨིན་པའི་སྐབས་སུ་རྒྱལ་ནང་དུ་ལོག་དགོས།”

1926ལོའི་ཟླ8པའི་ཚེས16ཉིན། ཡུས་རྨིན་ཧི་པའེ་ཞིང་ཆེན་ཉིང་ཧི་རྫོང་ལུའུ་ཐའེ་གྲོང་རྡལ(ད་ལྟའི་ཐེན་གྲོང་ཁྱེར་ཁོངས་སུ་གཏོགས)དུ་སྐྱེས། ན་གཞོན་གྱི་དུས་སྐབས་དེར། རྒྱལ་ཤོར་བྲན་གཡོག་གི་འཚོ་བས་ཡུས་རྨིན་ལ་ཡ་ང་བའི་ཕྱིར་དྲན་ཞིག་བསྩལ་ཡོད། ཁོས་ཐེན་ཅིན་ཡའོ་ཧྭ་སློབ་འབྲིང་དུ་མཐོ་འབྲིང་འགྲིམ་སྐབས། བསླབ་ཚན་རེ་རེ་འཛིན་གྲྭའི་ཡང་རྩེར་སོན་ནས་སློབ་གྲྭར་མིང་གྲགས་རྒྱས་ཡོད། 1944ལོར། ཡུས་རྨིན་པེ་ཅིན་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་འཕྲུལ་གློག་སྡེ་ཁག་ཏུ་རྒྱུགས་འཕྲོད། འོན་ཀྱང་རྗེས་སུ་བཟོ་སྐྲུན་སློབ་གླིང་ཡིན་པས། དགེ་རྒན་གྱིས་ཤེས་བྱ་སློབ་མས་སྤྱོད་ཤེས་པར་བྱས་ནས། དེའི་རྩ་བའི་རིགས་པ་སློབ་ཁྲིད་མི་བྱེད། ཏག་ཏག་ཁོ་རང་གཞུང་ལུགས་རྐྱང་པར་མགོ་འཁོར་ནས་སློབ་སྦྱོང་ཟབ་མོ་བྱས་ལ། གཏིང་ཟབ་པའི་དངོས་ལུགས་རིག་པ་ནི་ལྕགས་ཀྱུ་ཞིག་དང་བར་ཁོའི་ཡིད་སེམས་དབང་མེད་དུ་བཀུགས།

1946ལོར། ཡུས་རྨིན་རང་བྱུང་རིག་པའི་སློབ་གླིང་གི་དངོས་ལུགས་རིག་པར་བརྗེ་སྤོར་བྱས་ཏེ། རང་ཉིད་ཀྱི་ཆེད་ལས་ཁ་ཕྱོགས་དེ་གཞུང་ལུགས་དངོས་ལུགས་སུ་གཏན་ཁེལ་བྱས། ཁོང་གི་གཞུང་ལུགས་དངོས་ལུགས་ཐད་ཀྱི་འཇོན་ཐང་དེ་མགྱོགས་མྱུར་ངང་མངོན་པ་མ་ཟད་ཡ་མཚར་བའི་དྲན་ཤེས་དང་གོ་ཤེས་ལ་དགེ་རྒན་རྣམས་ཀྱིས་བསྟོད་བསྔགས་གནང་། 1949ལོར། ཡུས་རྨིན་དངོས་གཞི་མཐར་ཕྱིན་པ་དང་། དེའི་རྗེས་ཞིབ་འཇུག་སློབ་མར་རྒྱུགས་སྤྲད། 1951ལོར། ཡུས་རྨིན་གྱིས་གཡུར་དུ་ཟ་བའི་གྲུབ་འབྲས་གྱིས་སློབ་མཐར་ཕྱིན་པ་དང་། ཅང་མ་འགོར་བར། ཁོ་རང་ཆན་སན་ཆང་དང་ཕིན་ཧོན་ཝུའུ་ཡིས་ཀྲུང་གོ་ཚན་རིག་གླིང་གི་ཉེ་རབས་དངོས་ལུགས་གཞིབ་འཇུག་སའོ་རུ་གདན་ཞུ་བྱས་ནས། བློ་གཅིག་སེམས་གཅིག་གིས་རྡུལ་ཕྲན་ཉིང་རྡུལ་གཞུང་ལུགས་ཞིབ་འཇུག་ལས་དོན་ལ་གཞོལ།

ཀྲུང་གོའི་ཆིང་མདེལ་གྱི“ཡབ་ཆེན

“ཉིང་རྡུལ་མཚོ་ན་ཆ་དེ་དུས་མཚམས་གསར་བ་ཞིག་ཏུ་སླེབས་ཡོད་པ་དང་། གལ་ཏེ་དེའི་ཟིལ་ཤུགས་ཉམས་ཚེ། ང་ཚོས་ཡང་བསྐྱར་ཉིང་རྡུལ་འཇིགས་སྐུལ་མྱོང་དགོས། ང་ཚོས་ཉིང་རྡུལ་འགྲན་རྩོད་མི་བྱེད་ན་ཡང་། ང་ཚོས་གསར་སྐྲུན་བྱས་ཏེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་བྱེད་ཐབས་ཀྱིས་སྒེར་གཅོད་གཏོར་དགོས།”

ཀྲུང་གོའི་དམག་དོན་ཤེས་བྱ་སྣ་འཛོམས་ལས་ཉིཏང་རྡུལ་མཚོན་ཆས་དཔེ་དེབ་ཅེས་པའི་ནང་། ཡུས་རྨིན་ཚན་པའི་གཤམ་འོག་ཏུ། ཆིང་མདེལ་གྱི་རྩ་བའི་རིགས་པའི་ཐོད་བརྒལ་ཁྲོད་གནད་འགག་གི་བྱེད་ནུས་བཏོན་ཡོད་ཅེས་བྲིས་ཡོད།

རང་རྒྱལ་གྱི་རྡུལ་ཕྲན་འབར་གས་ཚོད་ལྟ་ལེགས་འགྲུབ་བྱུང་རྗེས། ཆིང་མདེལ་གསར་བཟོ་དེ་ཨང་དང་པོར་བཞག་པ་དང་། དྲང་མོར་བཤད་ན། ཡུས་རྨིན་གྱིས་ཀྱང་རང་གི་མི་ཚེ་དེ་ཆིང་མདེལ་དང་གཅིག་ཏུ་སྦྲེལ་ནས། མི་སྒེར་དང་རྒྱལ་ཁབ་ཀྱི་ལས་དབང་དང་དམ་དུ་སྦྲེལ་ཐུབ་པར་འདོད་མེད། ཆན་སན་ཆང་དང་གསང་བའི་ཁ་བརྡ་བྱས་རྗེས། ཁོང་གི་མི་ཚེའི་བགྲོད་ལམ་ལ་འགྱུར་ལྡོག་བྱུང་བ་རེད།

1961ལོའི་ཟླ1པོའི་ཉིན་ཞིག་ལ། ཡུས་རྨིན་བཀའ་ལྟར་ཆན་སན་ཆང་གི་གཞུང་སྒྲུབ་ཁང་དུ་སོང་བ་ན། ཡུས་རྨིན་མཐོང་མ་ཐག ཆན་སན་ཆང་གིས་བློ་ཐག་ཆོད་པོས་ངང་བཤད་རྒྱུར། སའོ་ནང་ནས་ཞིབ་འཇུག་བྱས་ཏེ་གོང་རིམ་གྱིས་ཆོག་མཆན་སྤྲད་པ་བརྒྱུད། ཁྱོད་རང་ཚ་བའི་ཉིང་རྡུལ་མཚོན་ཆའི་རྩ་བའི་རིགས་པའི་སྔ་མའི་ཞིབ་འཇུག་ལ་ཞུགས་པར་ཐག་བཅད་ཡོད་པས། ཁྱོད་ཀྱི་བསམ་ཚུལ་ཅི་ཡིན་ཟེར།

ཆན་སན་ཆང་གི་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་དེས། ཡུས་རྨིན་ལ་རྒྱལ་ཁབ་ཀྱིས་ད་ལྟ་ནུས་ཤུགས་ཡོད་རྒུས་རྡུལ་ཕྲན་འབར་མདེལ་ཐོག་མ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཆིང་མདེལ་གྱི་གཞུང་ལུགས་ཀྱང་གང་མགྱོགས་ཀྱིས་ལག་བསྟར་བྱ་རྒྱུ་ཡིན་པ་རྟོགས་སུ་བཅུག

དེའི་རྗེས། ཆན་སན་ཆང་གིས་ཡུས་རྨིན་གྱི་ཕྲག་པར་རྡེབ་རྡེབ་བྱེད་བཞིན། ང་ཚོས་ཧྥ་རན་སིའི་སྔོན་ལ་ཆིང་མདེལ་གསར་བཟོ་བྱེད་དགོས། ངས་འདི་ལྟར་འཇོན་མི་གསེད་འདེམས་བྱས་པར་ཁྱོད་ལ་གནོན་ཤུགས་ཡོད་མི་དགོས། ཁྱོད་ཀྱིས་ལེགས་སྒྲུབ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད་པ་དང་། བསམ་བློ་ཡུད་ཙམ་བཏང་རྗེས། ཡུས་རྨིན་གྱིས་ཆན་སན་ཆང་གི་ལག་པར་འཇུས་ནས། མགོ་བོ་ལྡེམ་ལྡེམ་གྱིས་ལས་འགན་ལྕི་མོ་འདི་དང་དུ་བླངས།

རྒྱལ་ཁབ་ཀྱི་དར་རྒུད་དེ་མི་རེ་རེར་འགན་འཁྲི་ཡོད་པས། ང་ལ་གདམ་གསེས་གཞན་པ་ཞིག་ཡོད་མི་སྲིད་ཅེས་ཡུས་རྨིན་གྱིས་ཐེ་ཚོམ་ཅི་ཡང་མེད་པར་ལས་བགོ་དང་དུ་བླངས། ཐེངས་འདིའི་འགྱུར་ལྡོག་གིས་ངའི་མི་ཚེ་ཧྲིལ་བོ་ཐག་བཅད་སོང་། ཆིང་མདེལ་གྱི་ཞིབ་འཇུག་ལ་ཞུགས་པ་ནི་ཡུས་རྨིན་གྱི་མི་ཚེའི་ཁྲོད་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན། དེ་བས། ཡུས་རྨིན་གྱིས་རང་མིང་སྦས་གསང་བྱས་ཏེ། བློ་གཅིག་སེམས་གཅིག་གིས་གཏིང་ཟབ་ལ་དཔོག་དཀའ་བའི་ཉིང་རྡུལ་གཞུང་ལུགས་ཞིབ་འཇུག་གི་བྱ་གཞག་ཁྲོད་ཞུགས།

སྐབས་དེར་རྒྱལ་ནང་དུ་རྡུལ་ཕྲན་ནུས་པའི་གཞུང་ལུགས་ལ་རྒྱུས་ལོན་ཡོད་པ་ཤིན་ཏུ་ཉུང་བས། ཉིང་རྡུལ་མཚོན་ཆ་གསར་བཟོ་ལ་དབང་གྲགས་ཆེ་བའི་དངོས་ལུགས་མཁས་པའི་ཁྲོད། ཡུས་རྨིན་ནི་ཕྱི་འགྲིམས་སློབ་སྦྱོང་ལ་སོང་མ་མྱོང་བ་གཅིག་པུ་ཡིན་མོད། འདིས་ཁོ་རང་རྗེས་སུ་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་བགྲེངས་པར་ཤུགས་རྐྱེན་ཅི་ཡང་ཐེབས་མེད། ཡོན་ཧྲི་ཕིན་ཧོན་ཝུའུ་ཡིས་བཤད་རྒྱུར། ཡུས་རྨིན་གྱི་ལས་དོན་ནི་རང་ཉིད་གཅིག་པུ་ལ་བརྟེན་ཡོད་དེ། ཁོ་རང་ལ་དགེ་རྒན་མེད་པས་ཁོའི་བྱ་གཞག་ལ་གསར་འབྱེད་རང་བཞིན་ལྡན་ཟེར། ཆན་སན་ཆང་གིས་ཡུས་རྨིན་གྱི་ལས་དོན་གྱིས་རང་རྒྱལ་རྡུལ་ཕྲན་ཉིང་རྡུལ་གཞུང་ལུགས་ཀྱི་སྟོང་ཆ་བསྐངས་ཡོད་པར་བཤད།

གསར་བཟོ་ལས་དོན་གྱི་དུས་མགོར། ཡུས་རྨིན་གྱིས་ཞིབ་འཇུག་འདི་ཆེས་ཐོག་མ་ནས་མགོ་བརྩམས་པ་ཡིན། ཁོས་འབད་པ་ཆེན་པོས་སློབ་སྦྱོང་དང་ཕྱི་རྒྱལ་གྱི་ཆ་འཕྲིན་སྣ་ཚོགས་བསྡུ་ལེན་བྱས་པ་དང་། སྐབས་དེར་བཀག་སྡོམ་སྣ་ཚོགས་བྱེད་པའི་གནས་ཚུལ་འོག ཁོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་གཞུང་ལུགས་ཀྱི་འཚོལ་ཞིབ་ཅི་རིགས་སྤེལ་ཡོད། རྡུལ་ཕྲན་འབར་མདེལ་ནས་ཆིང་མདེལ་ལྟར་ན། གཞུང་ལུགས་ཐོད་བརྒལ་གྱི་ཚོད་ལྟའི་དུས་ཚོད་བསྡུར་ཚེ། ཨ་མེ་རི་ཁས་ལོ་བདུན་དང་ཟླ་བ་གསུམ་བཀོལ་བ་དང་། དབྱིན་ཇིས་ལོ་བཞི་དང་ཟླ་བ་གསུམ ། ཧྥ་རན་སིས་ལོ་བརྒྱད་དང་ཟླ་བ་དྲུག སུའུ་ལེན་གྱིས་ལོ་བཞི་དང་ཟླ་བ་གསུམ་བཅས་བཀོལ་ཡོད། དེའི་ནང་གནད་དོན་གལ་ཆེ་ཤོས་ཤིག་ནི་རྩིས་རྒྱག་གི་རྙོག་འཛིང་ཆེ་བ་དེ་ཡིན། ང་ཚོའི་སྒྲིག་ཆས་ནི་རྒྱལ་ཁབ་དེ་དག་དང་བསྡུར་ཐབས་མེད། རྒྱལ་ནང་དུ་སྐབས་དེར་སྐར་ཆ་རེར་ཐེངས་ཁྲིའི་རྩིས་འཁོར་གཅིག་ལས་མེད་པ་མ་ཟད། དེའི95%ཡན་གྱི་དུས་ཚོད་ནི་རྡུལ་ཕྲན་འབར་མདེལ་གྱི་རྩིས་རྒྱག་དང་འབྲེལ་བའི་ཐད་ལ་བགོས་ཤིང་། ལྷག་མའི5%ཡི་དུས་ཚོད་ནི་ཡུས་རྨིན་གྱིས་ཆིང་མདེལ་ཇུས་འགོད་ཐད་སྤྱད་ཡོད། ཡིན་ཡང་། མི་དབུལ་པོར་དབུལ་པོའི་ཐབས་ལམ་ཡོད་ཅེས་པ་ནང་བཞིན། ཡུས་རྨིན་ལ་ཧ་ལས་པའི་དྲན་ཤེས་ཀྱི་ནུས་པ་ཡོད་ལ། ཁོང་གིས་སྣེ་ཁྲིད་པའི་ལས་བྱེད་ཚན་ཆུང་གི་ཁོངས་མི་རེའི་ལག་ཏུ་རྩིས་ཁྲེ་རེ་བཟུང་ནས། གཉིད་ཆག་ཟས་བརྗེད་ཀྱིས་རྩིས་བརྒྱབ། དཔྱད་རྩོམ་རེ་རེ་ནི་ཆན་སན་ཆང་གི་ལག་ཏུ་འབྱོར་བ་ན། དཀའ་གནད་རེ་རེའང་དེ་བསྟུན་གྱིས་གསེད་བཀྲོལ་བྱས། ལོ་ངོ4རིང་། ཡུས་རྨིན་དང་ཧོང་ཙུའུ་ཆ་སོགས་ཀྱིས་ཞིབ་འཇུག་གྲུབ་འབྲས་ཀྱི་སྙན་ཞུ69ལྷག་བཏོན་ནས། ཆིང་མདེལ་གྱི་རྨང་གཞིའི་སྣང་ཚུལ་དང་ཆོས་ཉིད་མང་པོ་ཞིག་ལ་ངོས་འཛིན་གསལ་བོ་བྱས་ཡོད།

1964ལོའི་ཟླ10པའི་ཚེས16ཉིན། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་ཐོག་མ་དེ་འབར་གས་ལེགས་འགྲུབ་བྱུང་ནས། འཛམ་གླིང་སྟེང་གྲགས་འགུལ་ཆེན་པོ་བསླངས། 1965ལོའི་ཟླ1པོར། ཀྲུའུ་ཞི་མའོ་ཙེ་ཏུང་གིས་རྒྱལ་ཁབ་འཆར་འགོད་ཨུ་ལྷན་གྱི་ཕུགས་ཡུལ་གྱི་འཆར་འགོད་སྐོར་གྱི་སྙན་ཞུ་ལ་མཉན་སྐབས་བསྟན་དོན། རྡུལ་ཕྲན་འབར་མདེལ་དགོས་པ་དང་། ཆིང་མདེལ་ཡང་མགྱོགས་པོར་བཟོ་དགོས། ཙུང་ལི་ཀྲོའུ་ཨིན་ལའེ་ཡིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་བཀའ་ཡིག་བསྒྲགས་པ་སྟེ། ཆིང་མདེལ་གྱི་གཞུང་ལུགས་ཞིབ་འཇུག་ཨང་དང་པོར་འཇོག་དགོས། ལོ་དེར། ཡུས་རྨིན་འཕྲུལ་ཆས་པུའུ་གཉིས་པའི་ཞིབ་འཇུག་གླིང་དགུ་པར་ལས་སྒྱུར་བྱས། ཟླ9པར། ལོ38ལ་སོན་པའི་ཡུས་རྨིན་གྱིས་ཡན་ལག་རུ་ཁག་ཅིག་གི་སྣེ་ཁྲིད་དེ་ཧྲང་ཧའེ་ཧྭ་ཏུང་རྩིས་འཁོར་ཞིབ་འཇུག་སའོ་རུ་སོང་ནས། དཔེ་དབྱིབས་སྐོར་ཞིག་གི་རྩིས་རྒྱག་ལ་དམ་འཛིན་བྱས། འོན་ཀྱང་དཔེ་དབྱིབས་འདི་བོངས་ཚད་ཆེ་བ་དང་ཟིལ་ཤུགས་ཆུང་ལ། ཚ་འོག་ཉིང་རྡུལ་འགྱུར་འབྱུང་དམའ་བས་བླང་བྱ་དང་མི་མཐུན་པ་རེད། ཡུས་རྨིན་གྱིས་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། ཚན་རྩལ་མི་སྣའི་སྣེ་ཁྲིད་དེ་ཡང་བསྐྱར་དཔེ་དབྱིབས་སྐོར་ཞིག་གི་རྩིས་རྒྱག་ལས་དོན་སྤེལ་ཞིང་། ཚ་བའི་ཉིང་རྡུལ་རྒྱུ་ཆར་རང་འབར་གྱི་གཞི་རྐྱེན་ཡོད་པའི་གནད་འགག་ཤེས་རྟོགས་བྱུང་ནས། ཆིང་མདེལ་གཞུང་ལུགས་འཆར་འགོད་ཀྱི་བསྒྲུབ་གཞི་གལ་ཆེན་ཞིག་ཐག་གཅོད་བྱས།

ཡུས་རྨིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། ད་ཐེངས་ང་ཚོས་གནད་འགག་ཅིག་བཀྲོལ་སོང་ཟེར། དེ་མ་ཐག་པེ་ཅིན་གྱི་ཏིན་ཅ་ཞན་ལ་ཁ་པར་བཏང་། གསང་རྒྱ་བྱེད་པའི་ཆེད་དུ། ཡུས་རྨིན་གྱིས་ཁོ་ཚོས་མ་གཏོགས་མི་གོ་བའི་གསང་ཚིག་སྤྱད་དེ། ཆིང་མདེལ་གཞུང་ལུགས་ཞིབ་འཇུག་ཐད་ཐོད་བརྒལ་གསར་བ་ཡོད་པ་བསྟན། 1965ལོའི་ལོ་མཇུག་ཏུ། ཡུས་རྨིན་གྱིས་ཉིང་རྡུལ་མཚོན་ཆའི་གཞུང་ལུགས་ཞིབ་འཇུག་བྱེད་མགོ་བརྩམས་ཤིང་། ཆིང་མདེལ་གྱི་རྩ་བའི་རིགས་པའི་ཞིབ་འཇུག་ཁྲོད་རྩ་བའི་རིགས་པ་ནས་ཕྱི་དབྱིབས་ཀྱི་གཞི་རྩའི་ཆ་ཚང་གི་ཇུས་འགོད་བཏོན་པ་དང་། ཚ་བའི་ཉིང་རྡུལ་མཚོན་ཆའི་གནད་འགག་རང་བཞིན་གྱི་གཞུང་ལུགས་གནད་དོན་མང་པོ་ཞིག་ཐག་བཅད་པ་མ་ཟད། ཆ་སྙོམས་ར་བའི་སྒེར་ཚུགས་གཞི་རྡུལ་ཐད་ནས་ཀུན་ཀྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཡོད།

1967ལོའི་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། ཆིང་མདེལ་འཁྱེར་ཡོད་པའི་གནམ་གྲུ་ཞིག་ལའོ་པུའུ་ཕའོ་ཡི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད། ཆུ་ཚོད8པ་ཏག་ཏག་ལ། བཀོད་འདོམས་པའི་བཀའ་རྒྱ་བསྒྲགས་པ་དང་ལྷན་དུ། གྲུ་སྒམ་གྱི་སྒོ་ཕྱེས་ནས་ཆིང་མདེལ་མཆོང་གདུགས་ཀྱི་རམ་སྐྱོར་འོག་མར་ལྥུང་བ་རེད། སྐར་ཆ་བཅུ་ཕྲག་གི་རྗེས་སུ། གནམ་ས་གཡོ་བའི་སྐད་སྒྲ་དང་བཅས་ཨ་སྔོན་དབྱིངས་སུ་མེ་ལྕེས་ཁེངས་བ་དང་། འཛིན་མའི་ཁྱོན་ཡོངས་སུ་འབྲུག་སྒྲ་ལྟར་གྲགས། ཉིན་དེར། ཞིན་ཧྭ་གསར་འགྱུར་ཁང་གིས་འཛམ་གླིང་ཡོངས་ལ་རྔམ་བརྗིད་ངང་ཁྱབ་བསྒྲགས་བྱས་པ་སྟེ། ཀྲུང་གོའི་ཆིང་མདེལ་ཐོག་མ་དེ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ་འབར་གས་ལེགས་འགྲུབ་བྱུང་། ལོ་ངོ་མང་པོའི་རྗེས་སུ། ནའོ་པེར་བྱ་དགའ་ཐོབ་མཁན་དང་ཉིང་རྡུལ་དངོས་ལུགས་རིགས་པ་བ་པའོ་ཨེར་གྱིས་ཀྲུང་གོར་འཚམས་འདྲི་གནང་སྐབས་ཡུས་རྨིན་ལ་ཐུག་འཕྲད་བ་དང་། ཡུས་རྨིན་ནི་ཀུན་ལས་ཁྱད་དུ་འཕགས་པའི་མི་ཞིག་དང་། ཀྲུང་གོའི་ཆིང་མདེལ་གྱི་ཡབ་ཆེན་ཡིན་པར་བསྔགས།

ཆིང་མདེལ་གྱི“མཛད་རྗེས་ཐོག་མ”སྟེ། སྔོན་ཐེངས་གསུམ་ལ་ཤི་གསོན་གྱི་ཉེན་ཁ་ལས་ཐར་བ།

ཡོན་ཧྲི་ཀྲུའུ་ཀོང་ཡ་ཡིས། ཆིང་མདེལ་ལག་རྩལ་ཐོད་བརྒལ་གྱི་གོ་རིམ་ཁྲོད། ཡུས་རྨིན་གྱིས་གནད་འགག་གི་བྱེད་ནུས་བཏོན་ཡོད་པའི་གདེང་འཇོག་གནང་། བྱེད་ནུས་འདིར་ལས་གྲོགས་རྣམས་ཀྱིས་ཆིང་མདེལ་གྱི་མཛད་རྗེས་དང་པོ་ཡིན་པའི་དཔྱད་འཇོག་གནང་ཡོད།

ཆིང་མདེལ་གསར་བཟོའི་གོ་རིམ་ཁྲོད། ཡུས་རྨིན་ཐེངས་གསུམ་ལ་ཤི་གསོན་གྱི་ཉེན་ཁ་ལས་ཐར་བ་རེད། 1969ལོའི་ལོ་མགོར། པེ་ཅིན་དང་ལྷོ་ནུབ་ཆེན་མོའི་བར་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་། བསམ་པའི་གནོན་ཤུགས་དང་ལུས་སེམས་ངལ་དུབ་ཧ་ཅང་ལྕི་བའི་དབང་གིས། ཡུས་རྨིན་གྱི་ཕོ་བའི་ནད་གཞི་ཉིན་བཞིན་ཇེ་ལྕིར་སོང་། སྐབས་དེར། རང་རྒྱལ་གྱིས་ཆེས་ཐོག་མའི་ས་འོག་ཉིང་རྡུལ་ཚོད་ལྟ་དང་གཞི་ཁྱོན་ཆེན་པོའི་མཁའ་གས་ཚ་བའི་ཚོད་ལྟ་བྱེད་བཞིན་ཡོད། དེའི་སྐབས་ཡུས་རྨིན་གྱི་ལུས་སྟོབས་ཤིན་ཏུ་ཞན་པ་དང་ཕར་འགྲོ་ཚུང་འོང་བྱེད་པར་ཡང་དཀའ་ངལ་ཤིན་ཏུ་ཆེ། ཐེམ་སྐས་སུ་འབུད་སྐབས་ལག་པས་རྐང་བ་བསྐྱོར་ནས་དལ་གྱིས་མ་གཏོགས་འགྲོ་མི་ཐུབ། ཚ་བའི་ཉིང་རྡུལ་ཚོད་ལྟའི་སྔོན་དུ། ལས་གྲོགས་རྣམས་ཀྱིས་ཁོ་རང་རི་སྒང་དུ་མེ་ལྕེ་ལ་བལྟ་རུ་ཁྲིད་སྦས། ཁོ་རང་ལ་རྔུལ་ཆུ་མང་པོ་ཐོན་ནས་ངོ་མདོག་ཀྱང་སྐྱ་བོར་གྱུར་ཡོད། ཚང་མས་དེ་མཐོང་མ་ཐག དེ་གར་གམ་ཀྱལ་དུ་ཉལ་དུ་བཅུག་ཅིང་ཆུ་བླུད། ཡུད་ཙམ་འགོར་རྗེས། ཁོ་རང་ལ་ད་གཟོད་དལ་གྱིས་རྣམ་རིག་རྒྱས་བྱུང་། ངལ་དུལ་ཐལ་དྲགས་པ་དང་སེམས་ངལ་ཤུགས་ཆད་བྱུང་ནས་ཡུས་རྨིན་བྱ་བའི་ཡུལ་དངོས་སུ་ཐེངས་འགར་དྲན་མེད་དུ་བརྒྱལ།

1971ལོའི་ཟླ10པར། ཡུས་རྨིན་གྱི་མཛད་རྗེས་དང་ལུས་ཕུང་གནས་ཚུལ་ལ་བསམས་ནས། ལྷོ་ནུབ་རི་ཁུལ་དུ་དམག་འཐབ་བྱེད་པའི་ཆུང་མ་སུན་ཡུས་ཆིན་པེ་ཅིན་དུ་ཡོང་ནས་ཁོར་བདག་སྐྱོང་བྱེད་པར་དམིགས་བསལ་ཆོག་མཆན་སྤྲད། ཉིན་ཞིག་གི་མཚན་མོར། ཡུས་རྨིན་ལ་ན་ཚ་དྲག་པོ་སྐྱེས་པས་ཆུང་མ་གཉིད་ལས་བསླངས། ཆུང་མས་ཁོར་དབུགས་འཚང་བཞིན་པ་མཐོང་ནས་མྱུར་ཏུ་སྐྱོར། མ་བསམ་ས་ནས་ཡུས་རྨིན་གློ་བུར་དུ་བརྒྱལ་བ་དང་། སྨན་པས་མྱུར་སྐྱོབ་བྱས་རྗེས་ད་གཟོད་ཅུང་བདེ་ལ་བབས། རྗེས་སུ་མི་ཚང་མས་དོན་དག་དེར་ཕྱིར་དྲན་བྱེད་དུས་དངངས་སྐྲག་སྐྱེས་ཡོང་ཟེར་ལ། གལ་ཏེ་སུན་ཡུས་ཆིན་ཉེ་འགྲམ་དུ་མེད་ཚེ། ཡུས་རྨིན་གྱི་མི་ཚེ་ལྷག་མ་དག་ཀྱང་ཡོད་མི་སྲིད།

སྨན་ཁང་ལས་བུད་རྗེས། ཡུས་རྨིན་གྱིས་ལུས་ཁམས་བདེ་ཐང་ཡིན་མིན་ལའང་བསམ་ལོང་མ་བྱུང་བར། མེས་རྒྱལ་གྱི་ནུབ་བྱང་དུ་བསྐྱོད། ལོ་ངོ་དུ་མར་ལུས་སེམས་ངལ་དུབ་ཆེ་དྲགས་པས། 1973ལོར་ཡུས་རྨིན་ཕྱིར་པེ་ཅིན་དུ་ལོག་སྐབས་ཀྱི་མེ་འཁོར་ནང་ཁྲག་བཤལ་མགོ་བརྩམས་ཤིང་། པེ་ཅིན་དུ་འབྱོར་མ་ཐག་སྨན་ཁང་དུ་བསྐྱལ་ནས་བརྟག་བཤེར་བྱས། མྱུར་སྐྱོབ་ཁང་དུ་སྨན་ཁབ་རྒྱག་དུས། ཡུས་རྨིན་ཡང་བསྐྱར་ནད་ཁྲི་སྟེང་བརྒྱལ།

ཀྲུང་གོའི་ཉིང་རྡུལ་མཚོན་ཆའི་འཕེལ་རྒྱས་ལོ་རྒྱུས་ཁྲོད། ཡུས་རྨིན་གྱི་བྱེད་ནུས་ལ་སུས་ཀྱང་ཚབ་བྱེད་མི་ཐུབ། ཡུས་རྨིན་གྱིས་བཤད་རྒྱུར། རང་ཉིད་ནི་ཞི་བདེ་རིང་ལུགས་པ་ཞིག་ཡིན་ཟེར། ཞི་བདེར་རེ་བ་ཆེན་པོ་བྱེད་ཀྱིན་ཡོད་པས། ད་གཟོད་ཚན་རིག་གི་ཡང་རྩེར་འཛེགས་ནུས་པའི་ཡུས་རྨིན་གྱིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་དེ་ཉིང་རྡུལ་མཚོན་ཆའི་ཞིབ་འཇུག་ལ་ལེགས་སྐྱེས་སུ་ཕུལ་བ་རེད།

འོན་ཀྱང་། ཡུས་རྨིན་གྱིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོའི་ནང་བློ་ཕམ་ཐེངས་གཉིས་བྱུང་ཡོད་པར་འདོད། གཅིག་ནི་མི་ཚེ་ཧྲིལ་བོའི་ནང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་མ་ཐོབ་པ་དང་། གཉིས་པ་ནི་བྱིས་པར་སེམས་ཁུར་གྱིས་མ་འདང་བས། ཁོ་ཚོ་རྒྱལ་ཁབ་ལ་བྱས་རྗེས་འཇོག་ཐུབ་པའི་མི་སྣ་ཞིག་ཏུ་གསོ་སྐྱོང་བྱེད་མ་ཐུབ་པ་དེ་ཡིན་ཟེར།

དོན་དངོས་སུ་བཤད་ན། ཡུས་རྨིན་གྱི་མི་ཚེའི་ཁྲོད། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་མང་པོ་ཡོད་མོད། འོན་ཀྱང་བྱ་བའི་འབྲེལ་བའི་དབང་གིས་ཁོས་དེ་དག་མི་བསྐྱུར་ཐབས་མེད་བྱུང་།

1976ལོ་ནས1988ལོའི་བར་དུ། ཡུས་རྨིན་གྱི་མིང་ངོ་མ་སྦ་གསང་བྱས་ཡོད། 1988ལོར། ཁོང་གི་མིང་ངོ་མའི་གསང་རྒྱ་གྲོལ་བས། ཁོ་རང་ཐེངས་དང་པོར་རྒྱལ་ཁོངས་བརྒལ་བ་རེད། ཐེངས་འདིར་ཕྱི་རྒྱལ་དུ་བསྐྱོད་པ་ནི། ཡུས་རྨིན་ལ་མཚོན་ན་ད་བར་དུ་ཁ་སྐྱེངས་དགོས་པ་ཡིན་ཏུ་གྱུར་ཡོད་མོད། འོན་ཀྱང་རང་ཉིད་ལའང་སེམས་ཚོར་ཞིག་སྐྱེས་ཡོད།

བྱ་བའི་འབྲེལ་བའི་དབང་གིས། ཡུས་རྨིན་ཐེངས་འདིར་ཕྱི་རྒྱལ་དུ་བསྐྱོད་པ་ནི་སློབ་ཆེན་ག་གེ་མོ་ཞིག་གི་དགེ་རྒན་ཆེན་མོའི་ཐོབ་ཐང་གིས་ཨ་མེ་རི་ཁར་འཚམས་འདྲི་བསྐྱོད་པ་རེད། དུས་ཡུན་ཟླ་གཅིག་ཙམ་གྱི་རིང་ལ། ས་ཆ་མང་པོར་སོང་ཡང་ཁོང་ནི་ལྐུགས་པ་ཞིག་དང་འདྲ་སྟེ། འདྲི་བསམ་ཡང་སྟབས་མི་བདེ་བ་དང་། བཤད་བསམ་ཡང་བཤད་མི་ཤེས་པ་དེས། ཁོར་མནར་གཅོད་ཚབས་ཆེན་ཐེབས་ནས་སྐྱིད་པོ་ཞིག་མ་བྱུང་།

ཁོང་གིས་བཤད་རྒྱུར། “ངའི་མི་ཚེ་འདིར་མི་གཞན་དང་འབྲེལ་འདྲིས་བྱེད་པའི་ཐད་ཁ་གསབ་བྱེད་ཐབས་བྲལ་བའི་ཞན་ཆ་ཞིག་ཡོད། ཤེས་རྒྱ་བསྐྱེད་ན་ངེས་པར་དུ་གླེང་མོལ་བྱེད་དགོས་ཏེ། གླེང་མོལ་ནི་ཕྱོགས་རྐྱང་པ་དང་གློག་འདྲེན་ཕྱེད་གཟུགས་ ཡིན་མི་རུང་བར། ངེས་པར་དུ་ཕྱོགས་གཉིས་ཀྱི་འབྲེལ་འདྲིས་བྱེད་དགོས། ཡིན་ནའང་ངའི་ལས་ཀའི་ཐད་ནས་བཤད་ན། ཕྱི་རོལ་དང་འབྲེལ་འདྲིས་བྱེད་པའི་ཐད་ལ་གཅོད་སྒོ་ཞིག་ཡོད་པས། གླེང་མོལ་བྱེད་སྐབས་ཐོན་ཐོན་ཐོགས་ཐོགས་བྱས་ཡོང་། མཐོང་རྒྱ་དང་ཐོས་རྒྱ་མ་བསྐྱེད་ན། ཤེས་རྒྱ་ཇི་ལྟར་བསྐྱེད། དེ་བས། ད་ནས་བཟུང་། ང་རང་ཕྱི་རྒྱལ་དུ་མི་འགྲོ་རྒྱུ་ཐག་བཅད་ཟིན་ལ། གོ་སྐབས་འདི་དག་ན་གཞོན་རྣམས་ལ་སྟེར་རྒྱུ་ཡིན”ཟེར།

ཡུས་རྨིན་ཁྱིམ་གྱི་མགྲོན་ཁང་དུ། ཁེ་གྲགས་སྤང་ན་ཕུགས་འདུན་འགྲུབ། ལྷིང་འཇགས་སྒོམ་ན་རྒྱང་རིང་མཐོང་ཞེས་པའི་འཕྲེད་ཡིག་ཅིག་བཀལ་ཡོད།

ཡུས་རྨིན་གྱིས་ཆིང་མདེལ་གྱི་ཡབ་ཆེན་ཞེས་པའི་མཚན་སྙན་དང་ལེན་མ་བྱས། ཁོང་གིས་བཤད་རྒྱུར། ཉིང་རྡུལ་མཚོན་ཆའི་བྱ་གཞག་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཆེན་པོ་ཞིག་ཡིན་པས། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་སྤུན་ཟླ་སྡེ་ཚན་ཁག་གིས་ཤུགས་ཆེན་པོས་མཐུན་སྦྱོར་བྱས་ནས་ལེགས་སྒྲུབ་བྱས་པའི་བྱ་གཞག་ཆེན་པོ་ཞིག་ཡིན་ཟེར།

ལྷིང་འཇགས་སྒོམ་ཞིང་རྒྱང་རིང་ལ་དམིགས་པའི་ཚན་རིག་མཁས་ཅན་འདི་འདྲ་ཞིག་ལ་ཕྱིར་དྲན་བྱེད་སྐབས། ང་ཚོས་ཁོང་གི་རྒྱལ་གཅེས་སྙིང་སྟོབས་དང་བླ་ན་མེད་པའི་བསམ་བློ་སེམས་ལ་བརྟན་པོར་ངེས་ནས་ནམ་ཡང་གུས་བཀུར་བྱེད་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།