ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་ཙོང་ཆུའི་རྒྱུད་ཀྱི་སྟོན་མཇུག་གི་མཛེས་ལྗོངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་ནམས་འཚོས་བསྒྱུར།   སྤེལ་དུས། : 2024-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་དགུ་པའི་མཐོ་སྒང་དུ་སྟོན་མཇུག་གི་རྣམ་པ་ཡོངས་སུ་རྫོགས་ཤིང་། ཟི་ལིང་ཙོང་ཆུའི་རྒྱལ་ཁབ་སྤྱི་གླིང་གི་མཚེའུ་འགྲམ་དུ་བསྐྱོད་ཚེ། བྱ་གག་མགོ་ལྗང་རྣམས་ཁྱུ་དང་ཁྱུ་བྱས་ཏེ་ཆུ་བོའི་ངོགས་སུ་རྩེད་འཇོར་རོལ་བ་དང་། བྱ་ངང་སེར་རྣམས་ཀྱང་ཡུལ་དེར་བག་ཡངས་ངང་རྒྱུ་ལ། མཚམས་མཚམས་སུ་ཆུ་སྐྱར་དཀར་མོ་ཡང་འཕུར་གྱིན་འདུག

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེས་འདབ་ཆགས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བས། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་རི་སྐྱེས་འདབ་ཆགས་རིགས532དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས27། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས89བཅས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱུང་ཡོད།

2013ལོར་ཚོད་ལྟ་འཛུགས་སྐྲུན་བྱས་པ་ནས་བཟུང་མཚོ་སྔོན་ཟི་ལིང་ཙོང་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གིས་ཙོང་ཆུའི་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། པིང་ཧྲུའེ་སྤྲོ་གསེང་ལྗང་ལམ་འཛུགས་སྐྲུན། པེ་ཁྲོན་གཙང་པོའི་སྐྱེ་ཁམས་ཆུ་ལམ་འཛུགས་སྐྲུན། ཉིང་ཧུའུ་མཚོའི་མཛེས་ལྗོངས་བསྒྱུར་བཀོད། ཙོང་ཆུའི་བརླན་ས་མཚོ་བལ་ཅན་དུ་བསྒྱུར་བཀོད་དང་མཛེས་ལྗོངས་ཡག་སྒྱུར་བྱེད་པ། གྲོང་ཁྱེར་གྱི་ལྗང་ལམ་མ་ལག་འཛུགས་སྐྲུན་སོགས་ཀྱི་ལས་གཞི་སྔ་རྗེས་སུ་ལག་བསྟར་བྱས་ཏེ། ཧའེ་ཧུའུ་བརླན་ས་དང་ཉིང་ཧུའུ་མཚེའུ་བརླན་ས། པེ་ཁྲོན་བརླན་ས་བཅས་བརླན་ས་ཆེན་པོ་ཁུལ་གསུམ་བསྐྲུན་ཡོད། བརླན་སའི་རྒྱ་ཁྱོན་སྤྱི་ཆིང241.41ནས་སྤྱི་ཆིང329བར་འཕར་བ་དང་། བརླན་སའི་ཚད47.5%ནས64.67%བར་འཕར་ལ། བརླན་སའི་འདབ་ཆགས་རིགས19ནས152བར་འཕར་ཡོད། 2018ལོར་བརླན་སའི་སྤྱི་གླིང་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ“རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང”དུ་གྱུར་ཡོད།

ད་ལྟ། བརླན་སའི་སྤྱི་གླིང་གི་རྣམ་གྲངས15ཡི་སྐྱེ་ཁམས་ཞབས་ཞུའི་རིན་ཐང་དེ2020ལོའི་སྒོར་དུང་ཕྱུར6.18ནས2022ལོའི་སྒོར་དུང་ཕྱུར6.45ལ་འཕར་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་སློབ་གསོ།རང་བྱུང་ཉམས་ལེན། ལྟ་སྐོར་ཡུལ་སྐོར་སོགས་ནུས་པ་མང་པོ་གཞི་གཅིག་ཅན་གྱི་གྲོང་ཁྱེར་གྱི་བརླན་སའི་སྤྱི་གླིང་ཞིག་ཏུ་གྱུར་ཡོད། །

 
རྩོམ་སྒྲིག་པ། : བསོད་ནམས་འཚོ།