རྟ་རྒྱུག་འགྲན་མི་མདའ་འཕེན་འགྲན་བསྡུར་ནང་ཞུགས་པ།
རྟ་རྒྱུག་འགྲན་བསྡུར་ནང་ཞུགས་པའི་དྲ་གྲགས་ཀུན་དགའ་རྣམ་རྒྱལ།
ས་གནས་མང་ཚོགས་ཀྱི་བོད་ཀྱི་ཟློས་གར་འཁྲབ་བཞིན་པ།
ཆང་འདྲེན་མཁན་གྱིས་རྟ་བ་ཚོར་ཆང་འདྲེན་བཞིན་པ།
ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱིས“འོང་སྐོར་དུས་ཆེན”རོལ་བཞིན་པ།
བོད་ཀྱི་ཟློས་གར་འཁྲབ་ཆས་གྱོན་པའི་འཁྲབ་སྟོན་པ།
རྟ་རྩལ་འགྲན་པའི་ཡུལ་དངོས།
རྟ་རྒྱུག་འགྲན་བསྡུར་ནང་ཞུགས་པའི་འགྲན་མི།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གཞུང་གི་ལྷུན་གྲུབ་རྫོང་ནི་ཡུལ་ལྗོངས་མཛེས་ཤིང་། ནས་ཞིང་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་བ་མ་ཟད་། ཞིང་ལས་བྲེལ་དུས་ཀྱི“འོང་སྐོར་དུས་ཆེན”བསུ་བཞིན་ཡོད། “འོང་སྐོར་དུས་ཆེན”ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིན་གནས་ཁོངས་སུ་གཏོགས་པ་མ་ཟད་བོད་མི་རིགས་ཀྱིས་ལོ་ལེགས་འབྱུང་བར་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་དུས་ཆེན་ཡིན་པས་ལོ་ངོ1500ལྷག་གི་ལོ་རྒྱུས་ལྡན། མིག་སྔར་ས་གནས་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ལོ་གཅིག་གི“འོང་སྐོར་དུས་ཆེན”རོལ་བཞིན་ཡོད་པ་དང་། ཁོ་ཚོས་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར་གཟིགས་ཏེ་ལོ་ལེགས་འབྱུང་བར་རྟེན་འབྲེལ་ཞུས་ནས་མཛེས་སྡུག་གི་འཚོ་བར་བསྟོད་བཞིན་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་ཁབ་བདེ་ཞིང་དམངས་སྐྱིད་པ། འབྲུ་ལྔ་ལོ་ལེགས། བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུ་བཞིན་ཡོད།
ལྷུན་གྲུབ་ལ“ལྷ་སའི་མེ་ཏོག་ལྡུམ་ར”དང“ལྷ་སའི་འབྲུ་མཛོད”ཞེས་འབོད་ཀྱིན་ཡོད་པས། རང་བྱུང་ས་བཅུད་ལྡན་པའི་ས་རྒྱུ་ཡིས་ལྷུན་གྲུབ་རྫོང་དེ་ཐུན་མོང་མ་ཡིན་པའི་ས་གཤིས་གཉིས་ཏེ་རྩྭ་ཐང་དང་རྨོ་ཞིང་དུ་བགོས་ཡོད་པས་ལྷུན་གྲུབ་པ་མང་པོ་གསོ་སྐྱོང་བྱས། ལྷུན་གྲུབ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་བྱང་རྒྱུད་དུ་གནས་ཤིང་གྲོང་ཁུལ་དང་སྤྱི་ལེ65དང་། སྲིད་འཛིན་ཁྱབ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4460ཟིན་ཞིང་། རྫོང་ཁོངས་སུ་ཤང9དང་གྲོང་རྡལ1། སྲིད་འཛིན་གྲོང་ཚོ46། གྲོང་མིའི་རྩ་འཛུགས་ཆུང་ཆུང189ཡོད། ལྷུན་གྲུབ་རྫོང་གི་གྲོང་རྡལ་སོ་སོས་དོན་དངོས་གནས་ཚུལ་དང་བསྟུན་ནས“འོང་སྐོར་དུས་ཆེན”རོལ་བཞིན་ཡོད།
ལྷུན་གྲུབ་རྫོང་གི་གྲོང་རྡལ་སོ་སོས་ལོ་རེར་སྤེལ་བའི“འོང་སྐོར་དུས་ཆེན”གྱི་བྱ་འགུལ་ནང་དོན་ཕུན་སུམ་ཚོགས་པ་དང་། བྱ་འགུལ་ནང་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར་དང་རྟ་རྩལ་འགྲན་པ། ཞབས་བྲོ་འཁྲབ་སྟོན་སོགས་འདུས་ཡོད།
དཔལ་འབྱོར་གླིང་ཤང་འདམ་བཅས་གྲོང་ཚོའི“འོང་སྐོར་དུས་ཆེན”བྱ་འགུལ་ཡུལ་དངོས་སུ“ཕུན་ཚོགས་འོང་སྐོར་དུས་ཆེན”བྱ་འགུལ་མགོ་བརྩམས་པ་དང་བསྟུན། རྟ་རྩལ་པ38དང་མདའ་འཕེན་མཁན38ལྟད་མོ་བ་ཁྲི2ལྷག་གི་ངར་སྒྲ་འོག་ཡུལ་དངོས་སུ་བསྐྱོད།
འགྲན་བསྡུར་མགོ་བརྩམས་པ་དང་རྟ་རྒྱུག་འགྲན་བསྡུར་དང་མདའ་འཕེན་མགོ་ཚུགས་ཤིང་། ཡུལ་དངོས་ཕྱི་རོལ་དུ་ངར་སྐད་དང་ཀུ་སྒྲ་སོགས་ཀྱིས་ཁྱབ་པ་རེད།
རྒྱུས་ལོན་ལྟར་ན། རྟ་རྒྱུག་འགྲན་བསྡུར་ནི་བོད་ལྗོངས་ཀྱི་ས་ཆ་སོ་སོས་ལོ་ལེགས་འབྱུང་བར་སྤེལ་བའི“འོང་སྐོར་དུས་ཆེན”རིང་གི་སྲོལ་རྒྱུན་རྟེན་འབྲེལ་བྱ་འགུལ་ཡིན་པས་མང་ཚོགས་ཆེས་དགའ་ཞིང་དར་ཁྱབ་ཆེ་བའི་ལུས་རྩལ་སྦྱོང་བརྡར་གྲས་ཤིག་ཡིན། “འོང་སྐོར་དུས་ཆེན”ནི་ལོ་རྒྱུས་ཡུན་རིང་བའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པའི་ངོས་ནས་ལོ་རེར་ལྷུན་གྲུབ་རྫོང་བརྒྱ་གྲོང་གྲོང་ཚོ་ནས་དུས་ལྟར་སྤེལ་བཞིན་ཡོད།
བརྒྱ་གྲོང་གྲོང་ཚོའི་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་པའི་མི་རྒྱུན་པར30ནས32ཡོད། “འོང་སྐོར་དུས་ཆེན”གྱི་ཉིན་དེར་གྲོང་ཚོ་དེའི་སྨོན་ལམ་འདེབས་མཁན་གྱི་སྣེ་ཁྲིད་འོག་ཏུ་གྲོང་ཚོའི་ཞིང་ཁ་བསྐོར་ནས་བསྐོར་བ་བརྒྱབ་ནས་ལོ་ལེགས་འབྱུང་བར་སྨོན་འདུན་ཞུ།
འགྲན་བསྡུར་མ་བྱས་སྔོན་དུ་གྲོང་མི་གྲོང་མི་ཚོ་སྔོན་དུ་རྒྱུག་ནས་མཚོད་པ་འབུལ་བ་དང་། སྐབས་དེར་རྟ་བ་ཚོས་ཡང་བསྐྱར་བསྐོར་བ་རྒྱག་པ་རེད། རྒྱུག་དུས་རྟ་རྒྱུག་རུ་ཁག་སྣེ་ཁྲིད་མཁན་རྗེས་སུ་འདེད་པ་དང་ཕྱིར་ལོག་དུས་སྣེ་ཁྲིད་མཁན་གྲལ་དང་པོར་སྒྲིག་པ་རེད། བསྐོར་བ་མཇུག་རྫོགས་རྗེས་རྟ་རྒྱུག་འགྲན་བསྡུར་དངོས་སུ་མགོ་བརྩམས་པ་དང་། རྟ་བ་ཚོས་ལག་རུ་མདའ་གཞུ་བཟུང་ནས་མགྱོགས་མྱུར་རྒྱུག་པའི་རྟ་ཐོག་ནས་མདའ་འཕེན་པ་རེད། འདྲ་མཉམ་འགན་སྲུང་བྱ་ཆེད་འབེན་ནི་མི་གཉིས་ཀྱིས་འགན་ཁུར་ནས་མདའ་འཕེན་པའི་གནས་ཚུལ་བསྡོམས་རྩིས་བྱེད་པ་དང་། འགྲན་བསྡུར་མཇུག་རྫོགས་རྗེས་རྟ་བ་ཚོ་རྟ་ལས་བབས་ཏེ་བསྐོར་བ་རྒྱག་པ་དང་། ཆང་འདྲེན་མཁན་ཚོས་རྟ་བ་དེ་དག་ལ་གླུ་ལེན་པ་དང་ཆང་འདྲེན་པ། ཇ་འདྲེན་པ། གྲོང་ཨུ་ལྷན་ཚོགས་ཀྱིས་རྟ་བའི་ལག་གི་འབེན་གྱི་གྲངས་ཀ་བཞིན་དགའ་རྟགས་སྤྲོད་པ་དང་ཁ་བཏགས་འབུལ།
རྟ་རྒྱུག་འགྲན་བསྡུར་མཇུག་རྫོགས་རྗེས། རྟ་བ་ཚོས་སྒྲིག་བཀོད་གྲ་སྒྲིག་བྱས་ནས་རྟ་རྩལ་འགྲན་བསྡུར་བྱེད་པ་དང་། རྟ་རྩལ་འགྲན་པའི་རྣམ་འགྱུར་དང་འཁྲབ་སྟོན་སྣ་ཚོགས་ལ་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ།
“ང་ཚོ་ཕ་ཡུལ་གྱི་རྟ་རྒྱུག་འགྲན་བསྡུར་བྱ་འགུལ་ཕུན་སུམ་ཚོགས་པ་ཡིན་ལ། ངེད་ཁྱིམ་མི་གང་བོ་ལྷུན་གྲུབ་རྫོང་བྱང་ཁ་ཤང་ནས་ལྷ་ས་རུ་གནས་སྤོར་ཡང་། ལོ་རེའི‘འོང་སྐོར་དུས་ཆེན’ང་དང་ཁྱིམ་མི་གང་བོ་ལྷུན་གྲུབ་རྫོང་དུ་ཡོང་ནས་གྲོང་མི་ཚོ་དང་མཉམ་དུ་ཕ་ཡུལ་གྱི་ལོ་ལེགས་ལ་རྟེན་འབྲེལ་ཞུ་བཞིན་ཡོད”ཅེས་ལོ62ལོན་པའི་གྲོང་མི་མེ་ཏོག་ལྷ་ཚེ་ཡིས་དེ་ལྟར་བརྗོད།
ད་ལོར། ལྷུན་གྲུབ་རྫོང་གི་གྲོང་ཚོ་སོ་སོས་སྤེལ་བའི“འོང་སྐོར་དུས་ཆེན”དྲ་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་པས། མང་ཚོགས་ཀྱི་དགའ་བའི་འཛུམ་མདངས་ཁ་པར་ལས་ཚོར་སྣང་བྱེད་ཐུབ་ལ། ཡུལ་དངོས་ཀྱི་དགའ་བའི་རྣམ་པ་དང་བདེ་སྐྱིད་ཀྱང་ཡོངས་སུ་ཚོར་ཐུབ། དྲ་གྲོགས་མང་པོས་ད་ལོར་ལྷུན་གྲུབ་རྫོང་གི“འོང་སྐོར་དུས་ཆེན”ལ་ལྟ་མ་ཐུབ་ཀྱང་སང་ལོ་ངེས་པར་དུ་ཡུལ་དངོས་སུ་འགྲོ་རྒྱུ་ཡིན་ཟེར། །