ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་གྱི་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར2.71ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་རྨོ་བསྐྱུར་ནགས་གསོ། ཕྱུགས་བསྐྱུར་རྩྭ་གསོ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལག་བསྟར་ནན་ཏན་བྱས་ཏེ། བདེ་ཆེན་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི180ཟིན་ནས། ནགས་ཚལ་ཁྱབ་ཚད1998ལོའི65.4%ནས་ད་ལྟའི77.63%བར་མཐོ་རུ་སོང་ཞིང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར2.71ཟིན་ནས་ཡུན་ནན་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་གྱིས་བཟུང་ཚད་ཆེ་ཤོས་དང་འཕར་ཚད་མགྱོགས་ཤོས་ཀྱི་ས་ཁུལ་གྱི་གྲས་སུ་གྱུར་ཡོད།

ཤེས་གསལ་ལྟར་ན། བདེ་ཆེན་ཁུལ་གྱིས་དམངས་ཡོངས་ལ་སྐུལ་སློང་དང་། དམངས་ཡོངས་འགུལ་སྐྱོད། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་མཐའ་འཁྱོངས་བྱས་ནས་སྒྲིག་འཛུགས་སྐུལ་སློང་ལ་ཤུགས་སྣོན་དང་། བྱ་བའི་ལམ་སྲོལ་གསར་གཏོད། དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་བཅས་ཀྱིས་འོས་འགན་སྡོང་འཛུགས་ནང་སྤྱི་ཚོགས་ཡོངས་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་འཕེལ་བར་བྱས། ལྗང་མདོག་དང་མཛེས་སྡུག་ལྡན་པའི་བདེ་ཆེན་གྱི་འཆར་འགོད་མ་ལག་འཛུགས་པར་སྤྱི་འདོམས་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གདེང་འཇོག་དམིགས་ཚད་མ་ལག་བཟོས་ནས་ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་ཐོན་ཡོད། གཞན་ཡང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་བསྒྱུར་དང་མཛེས་བཟོ་གོ་རིམ་ལྡན་པའི་ངང་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི“ཟུར་བཞི”རུ་སྡོང་འཛུགས་དང་ར་སྐོར་ལྗང་བསྒྱུར་བྱེད་པར་སྐུལ་མ་བཏང་བ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་དང་མཐོ་རུ་བཏང་ཡོད། ཁྱད་ལྡན་དཔལ་འབྱོར་གྱི་ནགས་ཚལ་དང་། སྨྱུག་མ་དང་མེ་ཏོག ནགས་བརྟེན་དཔལ་འབྱོར། ནགས་ཚལ་ལུས་གསོ་སོགས་ཀྱི་ལྗང་མདོག་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ནས། བེ་ཤ་སོགས་ནགས་བརྟེན་ཐོན་རྫས་ཁྱབ་གདལ་དང་སྐྱེད་སྲིང་བྱ་རྒྱུ་ཚད་ལྡན་དུ་བཏང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ནན་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ནས། སྐྱེ་ཁམས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་རིམ་ལྔའི་འགན་འཁྲི་ཇེ་ནན་དུ་བཏང་ནས་ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེན་དང་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།