ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་བྱ་ཐབས་སྣ་མང་སྤྱད་དེ་དགུན་དུས་འཁོར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཁ་སླེབས་པའི་ཚུན། ཁངས་ཆེན་པོ་དང་དར་ཆགས་པ། གྲང་ངར་ཆེ་བ་སོགས་ཀྱི་གནམ་ཟླར་ཁ་གཏད་པའི་ཆེད་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་དགུན་དུས་ཀྱི་དུས་གཏན་གནམ་གྲུ་འཁོར་སྐྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། སྒྲིག་ཆས་ལ་དུས་ཚིགས་བརྗེ་བའི་བདག་སྐྱོང་དང་། མེ་འགོག་བདེ་འཇགས་ལ་ཞིབ་བཤེར་བྱེད་པ། མི་སྣ་གསོ་སྦྱོང་བྱེད་པ། འཕྲལ་སྡོམ་ནང་སྦྱོང་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ནས་དགུན་དུས་ཀྱི་དུས་གཏན་གནམ་གྲུ་འཁོར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས།

ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ། གནམ་གྲུ་ཐང་གིས་དགུན་དུས་ཀྱི་འཁོར་སྐྱོད་བདེ་འཇགས་འགན་ལེན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་དགུན་དུས་ཀྱི་འཁོར་སྐྱོད་བདེ་འཇགས་ཐད་ནན་བཤད་དང་བཀོད་སྒྲིག ཡང་བསྐྱར་བཀོད་སྒྲིག་བཅས་བྱས་ཏེ་སྡེ་ཚན་སོ་སོའི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་པ་དང་། དགུན་དུས་ཀྱི་འཁོར་སྐྱོད་བདེ་འཇགས་སློབ་གསོ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། དགུན་དུས་ཀྱི་འཁོར་སྐྱོད་ལས་ཀའི་སྔོན་ཇུས་སྔར་བས་ཞིབ་ཚགས་སུ་བཏང་བ། དགུན་དུས་ཀྱི་འཁོར་སྐྱོད་འགན་ལེན་བྱེད་ཐབས་བཟོ་བ་དང་འཐུས་ཚང་དུ་བཏང་བ་བཅས་བྱས་པས་དགུན་དུས་ཀྱི་འཁོར་སྐྱོད་འགན་ལེན་བརྒྱུད་རིམ་ལུགས་མཐུན་ངང་ཇེ་ལེགས་སུ་ཕྱིན་ཡོད།

སྒྲིག་ཆས་བསྒྱུར་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། གནམ་གྲུ་ཐང་གིས་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་དང་གློག་རྡུལ་སྒྲིག་ཆས། འཕྲུལ་ཆས་སྒྲིག་ཆས། འཕྲིན་གཏོང་ཕྱོགས་སྟོན་སྒྲིག་ཆས། གནམ་གཤིས་སྒྲིག་ཆས། ཆེད་ལས་རླངས་འཁོར། གློག་སྒྱུར་ཁང་གི་མཐོ་གནོན་སྒྲིག་ཆས་སོགས་ལ་དམིགས་ནས་སྲུང་སྐྱོང་དང་བདག་སྐྱོང་ཚད་འཇལ། ཐོ་འགོད་བཅས་བྱས་ལ། ལྷག་པར་དུ་སྒྲིག་ཆས་སོ་སོའི་གཙོ་གནད་ཁུལ་དང་གཏོར་སླ་བའི་ལྷུ་ལག་ལ་གཙོ་གནད་ཞིབ་བཤེར་དང་། དམ་ལྷོད་གཙང་སྦྲ་དང་འཇམ་འདྲེད་བདག་སྐྱོང་བཅས་བྱས་པ་མ་ཟད། གཏོར་སྐྱོན་བྱུང་བའི་སྒྲིག་ཆས་དང་སྒྲིག་བཀོད་དུས་ཐོག་ཏུ་ཉམས་གསོ་དང་བརྗེ་ནས་བདེ་འཇགས་ཀྱི་མངོན་མེད་རྒྱུ་རྐྱེན་མེད་པར་བཟོས་ཏེ་སྤྱད་ཟིན་པའི་སྒྲིག་ཆས་ཚང་མ་འཁོར་རྒྱུག་ཡག་པོ་བྱེད་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

གཞན་ཡང་མེ་གསོད་མེ་འགོག་གི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ། གནམ་གྲུ་ཐང་གིས་གཙོ་གནད་ཁུལ་དང་གཙོ་གནད་སྒྲིག་བཀོད་སྒྲིག་ཆས། མཁའ་འགྲུལ་ས་ཚིགས་ཀྱི་ཐོག་ཁང་། གཞུང་ལས་ཁུལ་བཅས་ཀྱི་གློག་སྤྱོད་སྒྲིག་ཆས་དང་མེ་འགོག་སྒྲིག་ཆས་སོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། གནད་དོན་བཙལ་པ་དང་བདེ་འཇགས་ཀྱི་མངོན་མེད་རྒྱུ་རྐྱེན་སེལ་བ་རེད།

འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་བསྣན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་བ། གནམ་གྲུ་ཐང་གིས་གངས་འཁྱགས་དང་གཞུང་ལམ་གཏོར་སྐྱོན། གྲུ་ཁ་དང་འབྲེལ་བའི་མ་ལག་གི་གནད་དོན་ཐག་གཅོད། ཅ་ལག་འདྲུད་འཁོར་ལ་སྐྱོན་ཤོར་བ། གཞི་ཁྱོན་ཆེ་བའི་དུས་གཏན་གནམ་གྲུ་ནར་འགྱངས་བྱུང་བ། གྲང་ངར་ཆེ་བའི་ཆ་རྐྱེན་འོག་ལས་དོན་སྤེལ་ནས་འགན་ལེན་བྱེད་པ་སོགས་ལ་དམིགས་ནས་ཆེད་དོན་ནང་སྦྱོང་རབ་དང་རིམ་པ་སྤེལ་ཞིང་། དེ་ཡིས་མི་སྣ་བཀོད་སྒྲིག་དང་འགྲུལ་པར་བཀོད་སྒྲིག རླངས་འཁོར་འཁོར་སྐྱོད། ཆ་འཕྲིན་བརྒྱུད་སྤྲོད་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཡུལ་དངོས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ནུས་པ་ཆེ་རུ་བཏང་ཡོད།

འདབ་ཆགས་ཀྱི་འགོག་སྲུང་བྱེད་ཐབས་ལ་ཤུགས་བསྣན་ནས་མཁའ་འགོག་བདེ་འཇགས་སྲུང་བ། གནམ་ཐང་གིས་བྱ་རིགས་འདེད་མཁན་གྱི་སྒྲིག་བཀོད་དང་སྒྲིག་ཆས་སྤྱོད་པའི་གནས་ཚུལ་དང་དེ་བཞིན་བྱ་རིགས་འདེད་མཁན་གྱི་བཀོད་སྒྲིག་བྱེད་ཚུལ་ལ་དཔྱད་དཔོག་བྱས་ཏེ། བྱ་རིགས་འདེད་མཁན་བཀོད་སྒྲིག་བྱས་པ་བརྒྱུད། གནམ་གྲུ་ཐང་གི་རྒྱུག་ལམ་དང་སྐོར་ཞིབ་ལམ་ཐིག ཆུ་སྤུས་གཙང་གཏོང་བའི་རྣམ་གྲངས་ལས་གཞི་ས་ཁོངས་སུ་དུས་བཀག་བཞིན་སྐོར་ཞིབ་དང་བྱ་རིགས་འདེད་པ། སྐོར་ཞིབ་ཞིབ་བཤེར་བྱེད་པའི་ཁྲོད་འགུལ་སྐྱོད་བྱེད་པའི་འདབ་ཆགས་ཀྱི་གནས་ཚུལ་ཟིན་ཐོར་བཀོད་ནས་ལྟ་ཞིབ་བྱས་པ་དང་འབྲེལ་བྱ་དྲ་སྐྱོན་མེད་པ་བཅས་ལ་འགན་ལེན་གང་ལེགས་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།