ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་ད་ལོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི1000བཀོད་སྒྲིག་བྱས་ཏེ་གསར་བརྗེའི་ཤུལ་བཞག་དང་རྗེས་དྲན་སྒྲིག་ཆས་ལ་སྲུང་སྐྱོང་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི1000བཀོད་སྒྲིག་བྱས་ཏེ། གསར་བརྗེའི་ཤུལ་བཞག་དང་རྗེས་དྲན་སྒྲིག་ཆས་ཀྱི་སྲུང་སྐྱོང་དང་བེད་སྤྱོད་བྱ་བའི་ཐད་བཀོལ་རྒྱུ་རེད།

ཞིང་ཆེན་ཡོངས་སུ་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེའི་དུས་སྐབས་ཀྱི་གསར་བརྗེའི་ཤུལ་བཞག1903ཡོད་པ་དང་། གཞན་པའི་གསར་བརྗེའི་ཤུལ་བཞག362བཅས་བསྡོམས་པས་ཤུལ་བཞག2265ཡོད། ཆེད་སྤྱོད་མ་དངུལ་དེ་གཙོ་བོ་ཕྱོགས་བཞིའི་ཐད་ནས་གསར་བརྗེའི་ཤུལ་བཞག་དང་རྗེས་དྲན་སྒྲིག་ཆས་སྲུང་སྐྱོང་དང་བེད་སྤྱོད་ཐད་རོགས་སྐྱོར་བྱ་རྒྱུ་ཡིན་ཏེ། ཡུན་ནན་ཞིང་ཆེན་གྱི་གསར་བརྗེའི་ཤུལ་བཞག་ཕྱོགས་བསྡུས་ནང་བཀོད་པའི་གསར་བརྗེའི་ཤུལ་བཞག་དཀར་ཆགས་ལ་གཞིགས་ཏེ། གཙོ་གནད་འབུར་ཐོན་གྱིས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱ་རྒྱུ་དང་། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། དམག་དོན་ལོ་རྒྱུས་བཅས་ལ་ཟུང་འབྲེལ་སྒོས། བཞུགས་གནས་རྙིང་པ་དང་རྗེས་དྲན་རང་བཞིན་གྱི་སྒྲིག་ཆས། དོན་རྐྱེན་འབྱུང་ཡུལ་དང་རྗེས་ཤུལ་རྙིང་པ་བཅས་ལ་ཞིག་གསོ་དང་སྲུང་སྐྱོང་བྱ་རྒྱུ། གསར་བརྗེའི་རིག་གནས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དང་། ཏང་གི་ལོ་རྒྱུས་དང་གསར་བརྗེའི་ལོ་རྒྱུས་སྒྲིག་བཤམ་ཁང་བཀོད་སྒྲིག གསར་བརྗེའི་འཐབ་རྩོད་ཤུལ་བཞག་རིམ་སྤོར་བསྒྱུར་བཅོས་བྱ་རྒྱུ། ཞིང་ཆེན་རིམ་པའི་ཏང་གི་ལོ་རྒྱུས་སྡེ་ཁག་གིས་གསར་བརྗེའི་ཤུལ་བཞག་དང་རྗེས་དྲན་སྒྲིག་ཆས་ཀྱི་འབྲེལ་ཡོད་ལྟ་སྐུལ། ཞིབ་བཤེར། དོ་དམ་བྱ་བ་ལེགས་པོར་སྤེལ་རྒྱུ་བཅས་ཡིན།

མཚམས་སྦྱོར་བྱས་པ་ལྟར་ན། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱེད་པ་བརྒྱུད། ཁུལ་ནོར་སྲིད་ཀྱིས་གསར་བརྗེའི་ཤུལ་བཞག་མྱུར་སྐྱོབ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད། སྒྲིག་ཆས་དོ་དམ་བཅས་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་འགྲོ་བར་སྐུལ་ཁྲིད་བྱས་ནས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་གཡུལ་ས་གལ་ཆེན་དང་བྱེད་སྒོ་སྤེལ་ཡུལ་འདོན་སྤྲོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།