ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2020-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བདེ་ཆེན་ཁུལ་གྱིས“གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཚད་ལྡན་དུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ”ཞེས་པར་བརྟེན་ནས“གསེར་རི་དངུལ་རི་དགོས་ལ་རི་སྔོ་ཆུ་དྭངས་ཀྱང་དགོས་པའི”སྲིད་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་དང་། ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཐོ་ཚད་དུ་བཞག་སྟེ། ཐོན་ཁུངས་གསར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ནས་དམངས་འཚོའི་བདེ་སྐྱིད་ཕྱོགས་ལ་ཤུགས་སྣོན་བྱས།  

 འཆར་འགོད་ཐད་ནས་བདེ་ཆེན་ཁུལ་གྱིས་གཏེར་ཁའི་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་བར་རྒྱུན་འཁྱོངས་བྱས། གཏེར་ལས་ཀྱི་བར་སྟོང་བཀོད་སྒྲིག་དང་ལེགས་བཅོས་ལུགས་མཐུན་བྱེད་པ་དང་། ལྗང་མདོག་རྩད་ཞིབ་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་བཏང་ནས། འཆར་འགོད་མཛུབ་ཁྲིད་དང་དོ་དམ་ཚོད་འཛིན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པ་དང་ཆབས་ཅིག་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འབྲེལ་ཡོད་མཛུབ་སྟོན་བསམ་འཆར་གཞིར་བཟུང་སྟེ། བདེ་ཆེན་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་པ་བརྒྱུད་དེ། 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་ཀྱི་སྤྱིའི་འཆར་འགོད(2016ལོ་ནས2020ལོ་བར)》གཏན་འབེབས་བྱས་ནས། བདེ་ཆེན་གྱི་གཏེར་ལས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།

སྐྱེ་ཁམས་སྲུང་སྐྱོང་ཐད་བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་དམར་ཐིག་གཙང་སེལ་ཞིབ་བསྡུར་ལས་དོན་དང“གཙང་གསུམ་མཉམ་འདྲེས”ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་ལས་དོན་ཧུར་ཐག་གིས་སྤེལ་ཞིང་། དེའི་ནང་ལྕགས་རིགས་སྔོག་འདོན་དབང་ཆ10དང་། གཏེར་ཁ་འཚོལ་དབང49། ལྕགས་རིགས་མིན་པའི་སྔོག་འདོན་དབང་ཆ10བཅས་ཡོད། ཀྲུང་དབྱང་དང་ཞིང་ཆེན་གྱིས་ཤུལ་བཞག་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་གཞིར་བཟུང་སྟེ། 《བདེ་ཆེན་ཁུལ་གྱི“གཙང་གསུམ་མཉམ་རྒྱུག”འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་ཇུས་གཞི》གཏན་འབེབས་དང་ལག་བསྟར་བྱས། ལས་མཚམས་འཇོག་པ་དང་། མཉམ་འབྲེལ་ཁྲིམས་སྐྱོང་བྱེད་པ། གཏེར་ཁའི་བདག་དབང་ལག་ཁྱེར་གནས་སྐབས་བཀག་ཉར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཏེར་ལས་དབང་ཆ་ཕྱིར་འཐེན་བྱེད་པའི་བྱ་བ་ལེགས་པོར་སྒྲུབ། མིག་སྔའི་བར། བདེ་ཆེན་ཁུལ་དང་འབྲེལ་བ་ཡོད་པའི“གཙང་གསུམ་མཉམ་རྒྱུག”འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ69ནང་གི་གཏེར་ལས་དབང་ཆ་ཚང་མ་ཐོ་ཁོངས་ནས་སུབ་པ་དང་འབྲེལ་ལས་མཚམས་བཞག་པ་དང་། ནུས་ཡོད་རང་བཞིན་གྱི་གཏེར་དབང་ཆོག་འཐུས་ལག་ཁྱེར48གནས་སྐབས་སུ་བཀག་ཉར་བྱས།

སྐྱེ་ཁམས་ཉམས་གསོའི་ཐད་བདེ་ཆེན་ཁུལ་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་བེད་མེད་དུ་བསྐྱུར་བའི་གཏེར་རིའི་སྐྱེ་ཁམས་སླར་གསོའི་ལས་དོན་སྤེལ་ལ། མིག་སྔར་གཏེར་རི41ལ་སྔོ་ཁེབས་སྤྱི་ཆིང370.14སླར་གསོ་བྱས་པ་དང་། ས་ཞིང་སྤྱི་ཆིང21.52ཡང་བསྐྱར་རྨོ་ཞིང་དུ་བཏང་། འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་སྤྱི་ཆིང4.30སླར་གསོ་བྱས་ཏེ། རང་བྱུང་ས་ཞིང་སྤྱི་ཆིང15.95བཅས་སླར་གསོ་བྱས་པ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།