སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིམས་འགོག་སྨན་ཁབ་གྲང་སྦྲེལ་སྐྱེལ་འདྲེན་རླངས་འཁོར་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཡུན་ནན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་སྤྲད་པའི་རིམས་འགོག་སྨན་ཁབ་གྲང་སྦྲེལ་སྐྱེལ་འདྲེན་རླངས་འཁོར་སྤྱོད་འགོ་ཚུགས་པ་རེད། དེ་ཐོག་ནས་གྲོང་ཁྱེར་དེའི་རིམས་འགོག་སྨན་ཁབ་གྲང་སྦྲེལ་སྐྱེལ་འདྲེན་དོ་དམ་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་འགན་ལེན་སྔར་བས་ནུས་ལྡན་བྱུང་བ་མཚོན་ཡོད།

རིམས་འགོག་སྨན་ཁབ་གྲང་སྦྲེལ་སྐྱེལ་འདྲེན་དང་དེ་བཞིན་གསོག་ཉར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རིམས་འགོག་སྨན་ཁབ་གྲང་མཛོད་སྒྲིག་སྦྱོར་བྱས་པ་དང་། ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་འཁྱགས་སྒམ་དང་གྲང་ཉར་ཁུག་མ་སོགས་གྲང་སྦྲེལ་སྒྲིག་ཆས་100%བཀོད་སྒྲིག་བྱས་ཡོད་པ་རེད། 2020ལོའི་ཟླ་4ཚེས་8ཉིན་ནས་ཚེས་12ཉིན་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ལས་སྒོའི་མི་སྣ་བཀོད་སྒྲིག་བྱས་ཏེ་འཕྲོད་བསྟེན་ཁང་13དང་དེ་བཞིན་བུ་བཙའི་ཚན་ཁག་སྨན་ཁང་གཉིས་ལ་རིམས་འགོག་སྨན་ཁབ་སྡེབ་སྐྱེལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཟླ་རེའི་ཚེས་8ནས་20ཉིན་བར་རིམས་འགོག་སྨན་ཁབ་སྡེབ་སྐྱེལ་དུས་ཚོད་དུ་གཏན་འཁེལ་བྱ་རྒྱུ་དང་འབྲེལ་རིམས་འགོག་སྨན་ཁབ་སྤྲོད་པའི་རྩིས་ཐོ་བཟོ་རྒྱུ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་དེ་ཡོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་ཁག་གིས་རང་འགུལ་འཁྱག་ཕྲེང་གི་དུས་ཐོག་དྲོད་ཚད་ལྟ་སྐུལ་ཚོད་འཛིན་གཅིག་གྱུར་སྒྲིག་སྦྱོར་བྱས་ནས་རིམས་འགོག་སྨན་ཁབ་དེ་གྲོང་ཁྱེར་ནས་ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་གི་སྨན་ཁབ་རྒྱག་ས་བར་འབྲེལ་མཐུད་ཐུབ་སྟེ་རིམས་འགོག་སྨན་ཁབ་བདེ་འཇགས་དང་ནུས་ལྡན་ངང་རྒྱག་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

གོམ་སྟབས་རྗེས་མའི་ལས་དོན་ཁྲོད་སྨན་ཁབ་གྲོང་གསེབ་ཏུ་སྐྱེལ་བ་དེ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་རྒྱུན་ལྡན་དོ་དམ་ནང་བཅུག་ནས་ཤང་དང་གྲོང་རྡལ་ཁག་གི་བྱིས་པའི་མི་འབོར་དང་། རིམས་འགོག་སྨན་ཁབ་མཐུད་ཚད། དེ་བཞིན་ཞིབ་བཤེར་ཆད་ལུས་གསབ་པའི་གནས་ཚུལ་བཅས་དང་ཟུང་འབྲེལ་གྱིས་ཟླ་རེར་སྡེབ་སྐྱེལ་ཐེངས་རེ་བྱས་ཏེ་ཤང་དང་གྲོང་རྡལ་ཁག་གི་བྱིས་པར་བདེ་འཇགས་དང་སྤུས་ཚད་མཐོ་བའི་རིམས་འགོག་སྨན་ཁབ་བརྒྱབ་ནས་བྱིས་པའི་གཟུགས་པོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་བྱ་རྒྱུ་རེད། རིམས་འགོག་སྨན་ཁབ་གྲང་སྦྲེལ་སྐྱེལ་འདྲེན་གྱི་ཆེད་སྤྱོད་རླངས་འཁོར་སྤྱོད་འགོ་ཚུགས་རྗེས་རིམས་འགོག་སྨན་ཁབ་ཀྱི་སྤུས་ཚད་དེ་བས་བློས་འགེལ་ཆོག་པ་དང་སྐྱེལ་འདྲེན་དེ་བས་སྟབས་བདེ་བ་མ་ཟད། མང་ཚོགས་ལ་དེ་བས་སྤུས་ལེགས་དང་བློ་ཡིད་ཚིམ་པའི་ཞབས་ཞུ་མཁོ་འདོན་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།