ཀྲུང་གོ་བོད་ཀྱི་དྲ་བ།

​སེམས་ཀྱི་ཉི་ཟླའི་མི2000ལྷག་ཙམ་མེ་གསོད་ལས་དོན་ནང་དུ་ཞུགས་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་ནགས་རེི་མེར་ཤོར་བ་དེ་དུས་ཚོད48ལ་བསྟུད་མར་འབར་བས།  མེ་གསོད་མི་སྣ2000ལྷག་ཙམ་གྱིས་ནུས་ཤུགས་ཡོད་རྒུས་མེ་གསོད་བཞིན་ཡོད་པ་དང་ཐད་འཕུར་གནམ་གྲུ་གཉིས་ཀྱང་ལས་དོན་དེའི་ནང་དུ་ཞུགས།

ཟླ3པའི་ཚེས29ཉིན་གྱི་ཆུ་ཚོད16དང་སྐར་མ50སྟེང་དུ་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་སྡེ་ཁུལ་གྱི་ཐང་ཤིང་ར་བའི་རྒྱབ་རིའི་ནགས་ཚལ་མེ་ལ་ཤོར་བ་དང་། མེ་སྐྱོན་བྱུང་རྗེས་རླུང་ཤུགས་ཆེ་ལ་རི་མཐོ་ཞིང་གཟར་པས་མེ་སྐྱོན་གསོད་པའི་ལས་དོན་ལ་དཀའ་ངལ་ཆེན་པོ་བཟོས་པ་མ་ཟད་མེ་སྐྱོན་ཁྱབ་ཚད་ཇེ་མགྱོགས་སུ་བཏང་། 

ཡུན་ནན་ཞིང་ཆེན་ནགས་ཚལ་མེ་འགོག་སྤྱི་ཁྱབ་རུ་ཁག་གིས་དུས་ཐོག་ཏུ་ལི་ཅང་ནགས་ཚལ་མེ་འགོག་ཉིང་ལག་རུ་ཁག་གི་མི210དང་པའོ་ཧྲན་ནགས་ཚལ་མེ་འགོག་ཉིང་ལག་རུ་ཁག་གི་མི100བསྡུས་ནས་བདེ་ཆེན་ལ་རོགས་སྐྱོར་མཛད་པ་དང་ཆབས་ཅིག་ཟླ3པའི་ཚེས30ཉིན་གྱི་ཆུ་ཚོད20སྟེང་མེ་གསོད་མི་སྐྱོབ་ལས་དོན་ནང་ཞུགས་པ་རེད།

ཚེས30ཉིན། ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་རོན་ཁྲེང་ཧྥ་དང་། ཡུན་ནན་ཞིང་ཆེན་གྱི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཙུང་ཀོ་དབྱིན། ཡུན་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཤན་ཀང་བཅས་ཀྱིས་སྔ་རྗེས་སུ་མེ་འགོག་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གནང་ནས། བདེ་ཆེན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཞིང་ཆེན་དང་ཁུལ་གཉིས་མཐུན་སྦྱོར་མཉམ་འགུལ་དང་། སྐམ་མཁའ་མཐུན་སྦྱོར་དམ་ཟབ་ལ་ཤུགས་སྣོན་རྒྱག་པ། སྐབས་དང་བསྟུན་ནས་མེ་གསོད་པ། གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་བ། མི་སྣ་དང་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་ལ་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན།

 ཉིན་དེའི་དགོང་མོར་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་དང་ཁུལ་དཔོན་ཆི་ཅན་ཤིན་གསར་སྤེལ་ཁུལ་དུ་བསྐྱོད་དེ་མེ་གསོད་ལས་དོན་ལ་མཛུབ་སྟོན་གནང་བ་དང་། ཡུལ་དངོས་སུ་མེ་སྐྱོན་ལ་ལྟ་ཞིབ་བྱས་པ་དང་འབྲེལ་འཐབ་ས་དང་པོའི་བཀོད་འདོམས་པུའི་འགན་འཁུར་བ་དང་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཡུན་ནན་ཞིང་ཆེན་ནགས་ཚལ་མེ་འགོག་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་དང་མཉམ་དུ་ཞིབ་འཇུག་ཚོགས་འདུ་བསྡུས་ནས་མེ་གསོད་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པའི་གནས་ཚུལ་འོག་ནུས་ཤུགས་ཡོད་རྒུས་མེ་གསོད་རོགས་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན།

  ཚེས31ཉིན་གྱི་ཆུ་ཚོད10བར་དུ་ཡུན་ནན་ནགས་ཚལ་མེ་འགོག་སྤྱི་ཁྱབ་རུ་ཁག་གི་མི518དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་མི1000། ས་གནས་ལས་བྱེད་པ་དང་མང་ཚོགས་མི500སྟེ་བསྡོམས་པས་མི2000ལྷག་ཙམ་མེ་གསོད་རུ་ཁག་ནང་ཞུགས་ཏེ། ལི་ཅང་འཕྲལ་བསྟུན་མཁའ་འགྲུལ་ནགས་སྲུང་ས་ཚིགས་ནས་ཡོང་བའི་ཐད་འཕུར་གནམ་གྲུ་གཉིས་ཀྱང་མེ་གསོད་ལས་དོན་ནང་ཞུགས་པ་རེད།  གཞན་ཡང་རོགས་སྐྱོར་མི་སྣའི་སྟོབས་ཤུགས་ཡོད་ཚད་ཀྱིས་དངོས་ཟོག་གྲ་སྒྲིག་བཅས་ཀྱི་ལས་དོན་སོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

 སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་མེ་སྐྱོན་ལ་བརྟག་དཔྱད་ཧུར་ཐག་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།