ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་བརླིང་ངང་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁུལ་སྤྱིའི་རིན་ཐང་སྒོར་དུང་ཕྱུར113.68ལེགས་འགྲུབ་ཟིན་ནས་དུས་མཉམ་ལས7.9%འཕར་བ་དང་། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར28.39ཟིན་ནས་དུས་མཉམ་ལས8.5%འཕར་བ། གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི7784ཟིན་ནས་དུས་མཉམ་ལས8.3%འཕར་བ། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24240ཟིན་ཞིང་དུས་མཉམ་ལས5%འཕར་བ། སྡོད་དམངས་ཀྱི་འཛད་སྤྱོད་རིན་ཐང་གྲངས་འབོར་དུས་མཉམ་ལས0.5%འཕར་བས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཆ་ནས་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་ནས་རྒྱུན་མཐུད་ངང་ལེགས་སུ་འགྲོ་བཞིན་ཡོད། །

ལྷོ་ཁ་གྲོང་ཁྱེར་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་ལྟར་ན། ད་ལོར་སླེབས་པའི་ཚུན་ལྷོ་ཁ་གྲོང་ཁྱེར་གྱིས་ཁུལ་ཏང་ཨུའི་སྐབས་བཅུ་བཞིན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་ལག་ལེན་དོན་འཁྱོལ་བྱས་ནས། རྒྱུན་མཐུད་ངང་ནང་མཁོ་གཏིང་ཟབ་དང་རྒྱ་ཆེར་བཏང་ནས་དེང་རབས་ཐོན་ལས་མ་ལག་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་བྱས་ནས་ཤུགས་ཆེན་པོས་ཁྲོམ་རའི་ཡིད་ཆེས་ཇར་མཐོར་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་།

ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་བརྟན་བརླིང་ཡིན་པ་དང་། ནུས་ཁུངས་གཙང་མའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་བ། ལྗང་མདོག་བཟོ་ལས་བརྟན་བརླིང་ངང་སྐུལ་འདེད་བྱུང་བ། གྲངས་འཛིན་ལྷོ་ཁ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། ཡུལ་སྐོར་ལས་རིགས་སླར་གསོ་ཡག་པོ་བྱུང་བ་བཅས་ཀྱི་རྣམ་པ་མངོན། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱིས་མུའུ་ཁྲི35.05དཔྱིད་འདེབས་འགན་ཁུར་འགྲུབ་ནས་སྤུས་ཚད་མཐོ་བའི་ཞིང་ས་མུའུ་ཁྲི8.6སྐྲུན་པ། ཟླ1པོ་ནས་ཟླ6པའི་བར་དུ་ཆུ་རླུང་འོད་ཀྱི་རིགས་སོ་སོའི་ནུས་ཁུངས་ཁེ་ལས་ཀྱིས་བསྡོམས་པས་གློག་ཏུའུ་དུང་ཕྱུར27བཏོན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9མངོན་འགྱུར་བྱུང་། བཟོ་ལས་འཕར་གྲངས་སྒོར་དུང་ཕྱུར11.04ལེགས་འགྲུབ་ཟིན་པ་དང་ཡུས་པའོ་ཚོགས་པ་དང་ཡ་ལ་ཞང་པའོ་བར་ལས་སྣོན་གྲོས་མཐུན་བཙུགས་པ། བསྡོམས་པས5Gརྟེན་གཞི154དང་གཞི་གྲངས་ཆེན་མོའི་ལྟེ་གནས། གྲོང་ཁྱེར་འཁོར་སྐྱོད་དོ་དམ་ཞབས་ཞུ་ལས་སྟེགས་སོགས་བཙུགས་ནས་ལས་གཞིའི་དུས་མགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བྱེད་པ། ཟླ1པོ་ནས་ཟླ6པའི་བར་དུ་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི249.8སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་དུང་ཕྱུར9.47ཟིན་ཞིང་དུས་མཉམ་ལས་སོ་སོར35.1%དང29.9%འཕར་བ་རེད།

གྲོང་ཁྱེར་ཡོངས་ཀྱིས་ནན་ཏན་གྱིས“དངུལ་གཏོང་ལག་བསྟར་ལོ་འཁོར་དམ་འཛིན”བྱ་འགུལ་ལ་སྐུལ་འདེད་བྱས་པས། ལོ་སྟོད་དུ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་ལས་གཞི53ལག་བསྟར་བྱས་པ་དང་། གཙོ་གནད་ལས་གཞི573བསྐྱར་མགོ་ཚུགས་པ། S5མྱུར་བགྲོད་རྒྱུ་ལམ་ལམ་ཐིག་ཧྲིལ་བོ་ཤར་གཏོང་ཐུབ་པ། གུང་དཀར་གནམ་གྲུ་ཐང་གི་རྒྱུག་ལམ་གཉིས་པ་དང་གུང་དཀར་གནམ་ཐང་གིT1/T2ཐོག་ཁང་བསྒྱུར་བཅོས་ལ་བརྟན་བརླིང་ངང་སྐུལ་འདེད་བྱེད་བཞིན་པ། རྒྱུན་མཐུད་ངང་འཛད་སྤྱོད་མངོན་མེད་ནུས་ཤུགས་བཏོན་ནས་འཛད་སྤྱོད་སྒོར5500ཕྱིར་འཐེན་བྱས། ཡང་རྒྱུན་མཐུད་ངང་བཅོས་བསྒྱུར་གཏིང་ཟབ་བྱས་ནས་ལོ་སྟོད་དུ་སྲིད་དོན་ཞབས་ཞུ་ལས་དོན་རིགས་ཁྲི5.24དང་ལེན་བྱས་པ་དང་སྒྲུབ་ཚད་ཁྲི98%ཟིན་པ། སྲིད་གཞུང་གི་མ་དངུལ་ཁེ་ལས་ལ་ཁ་གཏད་པའི་སྦྲེལ་མཐུད་ཚོགས་འདུ་ཐེངས20འཚོགས་པ་དང་ཡིད་རྟོན་རུང་བའི་མ་དངུལ་སྒོར་དུང་ཕྱུར21.15ཟིན་པ་རེད། ཚོང་འགུགས་དངུལ་འདྲེན་ཤུགས་ཆེ་རུ་བཏང་ནས་མ་དངུལ་སྒོར་དུང་ཕྱུར19.63མངོན་འགྱུར་བྱུང་བ། སྒོར་དུང་ཕྱུར4.16བཏང་ནས་བོད་སྐྱོར་ལས་གཞི113ལག་བསྟར་བྱས་པ། དཔལ་འབྱོར་འཕེལ་རྒྱས་གསོན་ཤུགས་མུ་མཐུད་དུ་འཕར་བ་རེད།

ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་དམངས་འཚོའི་བདེ་སྐྱིད་འཕར་དུ་བཅུག་ནས། རིགས་སོ་སོའི་ལས་ཞུགས་ལས་གཏོད་མི་བསྡུ་ཚོགས་འདུ44སྤེལ་ཞིང་། སློབ་མཐོའི་མཐར་ཕྱིན་སློབ་མའི་ཁ་གསབ་དངུལ་སྒོར་ཁྲི3175.76མངོན་འགྱུར་བྱས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ106བོད་སྐྱོར་ཞིང་ཆེན་གསུམ་གྱི་ཁེ་ལས་དང་བྱ་གཞག་སྡེ་ཚན་ནས་ལས་ཞུགས་ཐུབ་པ། ལོ་འཁོར་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་སློབ་མའི་ཆ་སྙོམས་ཚད་གཞི་སྒོར90མཐོ་རུ་ཕྱིན་པ། ས་བབ་མཐོ་བའི་སློབ་གྲྭ318དྲོད་སྦྱིན་ཚང་མ་འཛུགས་སྐྲུན་ཟིན་པ། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ497འཕྲོད་བསྟེན་ཁང་དུ་སྨན་བཅོས་འགན་བཅོལ་དྲ་སྦྲེལ་ཐད་ཀར་རྩིས་རྒྱག་པ་མངོན་འགྱུར་བྱུང་བ། དེ་དང་ཆབས་ཅིག་ཏུ་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱས་ནས་གཅིག་གྱུར་གྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར20.6ལེགས་སྒྲིག་བྱས་པ་བརྒྱུད་གྲོང་གསེབ169གྲོང་གསེབ་དར་སྤེལ་ལས་གཞི་འཛུགས་སྐྲུན་ཐད་བཀོལ་སྤྱོད་བྱས། རབ་མཛེས་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ནན་ཏན་གྱིས་སྐུལ་འདེད་བཏང་བས2023ལོར་འོས་སྡོད་འོས་ལས48དང་མཛེས་སྡུག་གྲོང་གསེབ་ཚང་མ་ལས་མགོ་ཚུགས་པ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར5ཟིན་པ། གྲོང་གསེབ་ཀྱི་མི་དང་ཕྱུགས་སོ་སོ་དབྱེ་ནས་ཁྱིམ་ཚང་གསང་སྤྱོད་བཅོས་བསྒྱུར་བྱེད་ཚད་སོ་སོར་ཁྱིམ་ཚང5935དང954ལེགས་འགྲུབ་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།