ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ། མཛེས་ལྡན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་བའི་སྐོར་བཀོད་པ། 

508b9a9a-1ecd-4b75-9ed2-0db9aca76168.jpg.2.jpg

2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་དྲིལ་བསྒྲགས་ཀྱི་འཐབ་ས་དང་ཐོན་ཁུངས་སྣ་ཚོགས་སྤྱད་དེ་ནང་དོན་ཕུན་སུམ་ཚོགས་པ་དང་བྱེད་ཐབས་སྣ་མང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་མི་རིགས་ཞི་མཐུན་མཉམ་གནས་དང་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྔར་བས་ལེགས་སུ་ཕྱིན་ཞིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས་ཟངས་རི་རྫོང་དུ་ཕན་ཚུན་ལྟ་བཤེར་དང་ཞིབ་བཤེར་གྱི་བྱེད་སྒོ་སྤེལ་བ། 

ཡར་ཀླུང་གི་ས་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཧ་ཅང་ཟབ། ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་འོག ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་ཞིང་ས་གཤིན་པོ་བསྐྲུན་པར་བརྟེན་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་ཆགས་ནས་ཡར་ཀླུང་གི་བུ་ཕྲུག་ཚོས་ཐུན་མོང་ཐོག་མཚར་སྡུག་རྣམ་པར་བཀྲ་བའི་མཐུན་སྒྲིལ་གྱི་མེ་ཏོག་ལ་རྟག་ཏུ་ཆུ་ལུད་འདྲེན་བཞིན་ཡོད།

སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་།

འཛུགས་གཏོད་ཀྱི་མཉམ་ཤུགས་ཆེ་རུ་ཕྱིན།

ལྷོ་ཁ་གྲོང་ཁྱེར་གྱིས་ཏང་སྲིད་འགོ་ཁྲིད་ཀྱི་ཙུའུ་ཀྲང་ཟུང་གི་ལམ་ལུགས་ལག་ལེན་བསྟར་ནས་ཏང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ལས་བགོས་ཞིབ་ཚགས་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། གཟའ་འཁོར་གྱི་བཀོད་སྒྲིག་དང་། ཟླ་རེའི་བཀོད་གཏོང་ལམ་ལུགས། ལས་ཀའི་སྒྲིག་སྲོལ་བཅས་བཟོས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་གསལ་ཐོ་རྣམ་པའི་མཛུབ་ཁྲིད་བྱས་ཡོད། རྫོང་དང་ཆུས་12ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཞུང་ལས་ཁང་གིས་ཀྱང་འཕྲལ་མར་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ལས་ཀའི་ཆེད་དོན་ཚན་ཁག་བཙུགས་པ། ལས་དོན་པ་མང་དུ་བཏང་བ། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། འགྲོ་གྲོན་འགན་ལེན་བཅས་བྱས་ཡོད། 2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་འཛུགས་གཏོད་ཀྱི་ལས་དོན་ཐད་མ་དངུལ་སྒོར་ཁྲི་500བཏང་བ་དང་རྫོང་དང་ཆུས་ཁག་གི་འཛུགས་གཏོད་གྲོན་དངུལ་གྱི་སྔོན་རྩིས་ཁྱོན་སྒོར་ཁྲི་1500ཟིན་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དང་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་ཏན་ཏིག་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་ཕན་ཚུན་ལྟ་བཤེར་དང་ཞིབ་བཤེར་བྱེད་པའི་བྱེད་སྒོ་ཁག་གཉིས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། གཙང་པོའི་རྒྱུད་ཀྱི་རྫོང་དང་མཐའ་མཚམས་རྫོང་ཕན་ཚུན་ལྟ་སྐོར་དང་རྟོག་ཞིབ་བྱས་ནས་སློབ་སྦྱོང་དཔྱད་གཞིར་འཛིན་པ་དང་། ལས་ཀའི་ཉམས་མྱོང་སྤེལ་རེས། ལས་ཀའི་བསམ་ཕྱོགས་གཅིག་ཏུ་བསྡུ་བ། སྐྱོན་སྤངས་དགེ་སྒྲུབ་བཅས་བྱས་པས་ཐུན་མོང་ཐོག་སྐུལ་ལྕག་དང་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོན་ཡོད།

དྲིལ་བསྒྲཌ་སློབ་གསོ་མངོན་གསལ་དོད་དུ་བཏང་།

དྲིལ་བསྒྲཌ་ཀྱི་གཞི་རྟེན་གསར་པ་བཏོད།

2022ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པར་སྐུལ་འདེད་གཏོང་བ་འཛུགས་གཏོད་ལས་དོན་གྱི་ལས་འགན་ཨང་དང་པོར་མཐའ་འཁྱོངས་བརྩིས་ཤིང་། དྲིལ་བསྒྲགས་ཀྱི་ཐབས་ལམ་དང་དྲིལ་བསྒྲགས་ཀྱི་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས། ཕྱོགས་ཡོངས་དང་ཟུར་ཚད་མང་བའི་དྲིལ་བསྒྲགས་བྱས་ཏེ་འཛུགས་གཏོད་ལས་དོན་གྱི་ཇུས་གཞི་དང་། ལས་ཀའི་གཙོ་གནད། དག་ཐེར་ཡོ་བསྲང་གི་ལས་འགན་དབྱེ་འབྱེད། སྙན་སེང་། ཕྱོགས་སྡོམ་སོགས་ཀྱི་དཔྱད་ཡིག་སྤུས་ཚད་མཐོ་པོས་བསྒྲུབས་ཡོད། “ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་འཛུགས་གཏོད་གདེང་འཇོག”གི་སྐད་འཕྲིན་སྤྱི་རྟགས་སུ་ཏང་གི་མི་རིགས་སྲིད་ཇུས་དང་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཆ་འཕྲིན་ཁྱོན་1200སྤེལ་ནས། སྐད་འཕྲིན་སྤྱི་རྟགས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དྲིལ་བསྒྲགས་ཀྱི་སྐར་ཁུང་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ལས་སྟེགས་གསར་པ་ཞིག་ཏུ་གྱུར་ཡོད།

དེ་དང་ཆབས་ཅིག་ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ་དངོས་ཚན་ཅན་གྱི་དྲིལ་བསྒྲགས་ཀྱི་གཞི་རྟེན་བསྐྲུན་པ་དང་ཕྱོགས་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་རྩེད་གོང་རིམ་མཐོའི་གཞུང་ལམ་རྒྱུད་དུ་དྲིལ་བསྒྲགས་བྱང་བུ་37མང་དུ་བཏང་བ་དང་། སྤྱི་སྤྱོད་རླངས་འཁོར་12ལ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་བ་རེད། ཁ་པར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་པའི་དྲིལ་བསྒྲགས་འཕྲིན་ཐུང་བསྐུར་བ་དང་མི་རིགས་མཐུན་སྒྲིལ་གྱི་དྲ་ཐོག་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བས་ཁྱོན་མི་ཐེངས་ཁྲི་50ལ་ཁྱབ་ཡོད། ལྷོ་ཁའི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་དང་། ལྷོ་ཁའི་དྲ་བ། ལྷོ་ཁའི་ཚགས་པར། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་དཔྱད་འདེམས་སྐད་འཕྲིན་སྤྱི་རྟགས་བཅས་སྤྱད་དེ《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར་འཛུགས་གཏོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་གྲོས་འགོའི་ཡི་གེ》བཀོད་ནས་གྲོང་ཁྱེར་ཡོངས་སུ་འཛུགས་གཏོད་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད། རྫོང་དང་ཆུས་ཁག་གིས་བརྡ་ཆའི་བྱང་བུ་དང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས། གྲོང་ཁྱེར་ནང་ཁུལ་གྱི་གྱང་སོགས་དྲིལ་བསྒྲགས་ཐོན་ཁུངས་གང་ལེགས་སྤྱད་དེ་དྲིལ་བསྒྲགས་སྒྲོམ་དང་དྲིལ་བསྒྲགས་བྱང་བུ་བཟོ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས། གྲོང་ཁྱེར་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་རྣམ་པ་གང་སར་འཕྱུར་བཞིན་ཡོད།

དཔེ་སྟོན་འཛུགས་པར་ཤུགས་སྣོན་བརྒྱབ།

དཔེ་སྟོན་སྣེ་ཁྲིད་ལ་སྐུལ་འདེད་བཏང་།

མིག་དཔེ་ནི་དར་ཆ་ཡིན་པས་ཁ་ཕྱོགས་མཚོན་གྱི་ཡོད། མིག་དཔེ་ནི་ཐོན་ཁུངས་ཡིན་པས་སྟོབས་ཤུགས་གཅིག་ཏུ་སྒྲིལ། སྔོན་ཐོན་དཔེ་མཚོན་ནི་དུས་རབས་ཤིག་གི་བསམ་པའི་ཚད་ཤིང་ཡིན་ལ། ལྷབ་ལྷུབ་ཏུ་གཡོ་བའི་བསམ་པའི་དར་ཆ་ཞིག་ཀྱང་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་དོན་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད།

འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི་བཀྲ་ཤིས་གཡང་འཛོམས་དང་སི་ཁྲོན་ཏ་དབྱི་ནས་ཡིན་པའི་ཝང་ཡུང་ལས་གྲུབ་པའི་ཁྱིམ་ཚང་ནི་ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་དཔེ་མཚོན་ཞིག་རེད། བཟའ་ཟླ་ཝང་ཡུང་ནི་དབང་པོ་སྐྱོན་ཅན་ཡིན་པས། ཁྱིམ་ཚང་གི་ཁུར་ལྕི་བཀྲ་ཤིས་གཡང་འཛོམས་ཀྱི་ཕྲག་ལ་བབས། ཉིན་མོ་ཁྱིམ་དུ་བཟའ་ཟླར་ལྟ་རྟོག་དང་མཚན་མོ་གྲོང་ཁུལ་དུ་རྒྱ་སེ་མེ་ཏོག་བཙོངས་ནས་འཚོ་ཐབས་བྱེད་ཀྱི་ཡོད།

བཀྲ་ཤིས་གཡང་འཛོམས་ཀྱིས་འཁང་ར་གཉིས་བཟོད་དང་བཟའ་ཚང་ལ་ལྟ་རྟོགས་གང་ཡག་བྱེད་པར་བརྟེན་མི་མང་པོར་སེམས་འགུལ་ཐེབས། 2019ལོར་བཀྲ་ཤིས་གཡང་འཛོམས་ཀྱི་ཁྱིམ་ཚང་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི“ཡ་རབས་ཁྱིམ་ཚང”ལ་བདམས་པ་དང་། 2020ལོར་བཀྲ་ཤིས་གཡང་འཛོམས“ལྷོ་ཁའི་མི་སེམས་འགུལ་བའི་མི་སྣ་ཆེ་གྲས་བཅུར”བདམས་ཡོད་ལ། 2021ལོར་བཀྲ་ཤིས་གཡང་འཛོམས་ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་སྐབས་བརྒྱད་པའི་མིང་འདོན་བྱ་དགའ་ཐོབ་པ་རེད།

དུས་རབས་གསར་པར། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཚོས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་ཕུགས་འདུན་མངོན་འགྱུར་བྱེད་པ་དང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་པས་ལྷོ་ཁའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་དེ་བས་ངོ་མཚར་ལྡན་པར་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།