ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”སུ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”སུ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་གྱི་མཛུབ་ཁྲིད་འོག སེམས་ནུས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་རྒྱང་ལམ་གསར་པའི་ཐོག་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཆབ་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ལི་ཅ་ཤུས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཡིན་པའི་ངོས་འཛིན་བྱས། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བྱེ་འགྱུར་ས་ཆ་མུའུ་4000བཅོས་སྒྲིག་བྱས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1800བཏང་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་སྲུང་བཅད་ཀྱི་བྱེད་ནུས་རིམ་བཞིན་ཆེ་རུ་ཕྱིན་པ། སྐྱེ་ཁམས་དམངས་ཕྱུག་གི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

ལི་ཅ་ཤུས་ཀྱིས“ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ་དང་ཆབས་ཅིག་རྣམ་གྲངས་ལག་བསྟར་བྱ་ཡུལ་གྱི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་50ལྷག་ཙམ་བྱུང་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་1400ལྷག་ཙམ་བྱུང་ཡོད”ཅེས་བརྗོད་པ་རེད།

གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་མཚོ་སྨད་ཤང་གི་ལོ་23ལ་སླེབས་པའི་འབྲོག་པ་བསྟན་འཛིན་ཆོས་དར་ལ“བདེ་སྐྱིད་ལྡན་པའི་འཚོ་བར”མྱོང་ཚོར་ཟབ་མོ་བྱུང་ཡོད།

གཅིག་པུར་སྡོད་པའི་བསྟན་འཛིན་ཆོས་དར་ལ་ནད་གཞི་ལྕི་པོ་ཕོག་ཡོད་ཁར། གཟུགས་པོའང་ཐང་པོ་དེ་ཙམ་མེད་པས། ཕྱི་ཕྱོགས་སུ་གླ་པར་སྐྱོད་ཐབས་བྲལ། དུས་རྒྱུན་ལས་ཀ་ཙག་ཙིག་བྱས་པའི་ཡོང་འབབ་ཀྱིས་ལྟོ་གོས་འཕྱིད་ཙམ་ལས་མེད། མཚོ་སྨད་ཤང་གི་ཏང་ཡོན་ལས་བྱེད་པས་སྔ་ཕྱི་བར་གསུམ་དུ་བསྟན་འཛིན་ཆོས་དར་ལ་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། རང་འགུལ་ངང་དངུལ་ཞལ་འདེབས་རྒྱག་པ་དང་ཆེད་མི་མངགས་ཏེ་ཁོང་ལྷ་ས་དང་ཧྲི་ཅ་ཀྲོང་སོགས་སུ་སྨན་བཅོས་བྱེད་པར་བཏང་ཡོད། མིག་སྔར་བསྟན་འཛིན་ཆོས་དར་གྱི་ནད་གཞི་ཇེ་ཡང་དུ་སོང་ཡོད། “ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཤང་གི་ལས་བྱེད་པས་ང་ལ་སེམས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་དུས་རབས་བཟང་པོ་འདི་ལྟ་བུར་འཚོ་བ་སྐྱེལ་རྒྱུ་བྱུང་བ་བསོད་ནམས་ཡིན་བསམ་གྱི་འདུག”ཅེས་བསྟན་འཛིན་ཆོས་གྲགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་བོད་ཀྱི་ཏང་ཡོན་ལས་བྱེད་པར་མངགས་བཅོལ་ཟབ་མོ་གནང་བ་དེས་ང་ཚོའི་སེམས་ནང་དྲོ་སྐྱིད་ཆེན་པོ་ཚོར་ལ། སྐུལ་ལྕག་ཡང་ཆེན་པོ་ཐེབས་བྱུང”ཞེས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་པ་ཀྲའོ་མའོ་ཤན་གྱིས་བརྗོད། ཁོང་གིས“གཞིས་རྩེས་བོད་ལྗོངས་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་པ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པའི་རྒྱབ་ལྗོངས་འོག་ང་ཚོས་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པ་དེ་རིག་གནས་ཡུལ་སྐོར་གྱི་འདུ་ཚོགས་གཟབ་རྒྱས་དང་། དྲིལ་བསྒྲགས་འོས་སྦྱོར་གྱི་སྐར་ཁུང་། མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་བཅས་སུ་བཏོད་ནས‘ཇོ་མོ་གླང་མའི་གནས་ཡུལ། བཀྲ་ཤིས་པའི་གཞིས་རྩེ’ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། ‘རིག་གནས་དར་སྤེལ་དང་། སྤེལ་རེས་ལ་སྐུལ་འདེད། མི་སེམས་གཅིག་སྒྲིལ། འཕེལ་རྒྱས་ལ་གཞོགས་འདེགས’བཅས་སྤྱིའི་དམིགས་ཚད་དུ་བྱེད་པ། གཞིས་རྩེའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་པ། ལག་རྩལ་དང་། མ་དངུལ། ལེགས་ཆ། འགྲན་ནུས་ཡོད་པའི་ཁེ་ལས་དེ་བས་མང་བ་གཞིས་རྩེར་མ་རྩ་འཇོག་པར་ཡོང་རྒྱུའི་ཡིད་དབང་འགུག་པ། གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བཅས་བྱས་ནས་མི་དམངས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།