ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་ཁང་གསར་པ། ལས་ཀ་གསར་པ། འཚོ་བ་གསར་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— མངའ་རིས་ས་ཁུལ་རུ་ཐོག་རྫོང་ཨ་རུ་གྲོང་ཚོའི་ལྕགས་སྒང་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་པའི་སྐོར་བཀོད་པ།

ཟླ་4ལྷག་ཙམ་གྱི་གོང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་དུད་ཚང་91གི་མང་ཚོགས་352རྫོང་གྲོང་དང་བར་ཐག་སྤྱི་ལེ་400ལྷག་ཙམ་ཡོད་པའི་ས་བབ་མཐོ་བའི་ཁུལ་ནས་ཨ་རུ་གྲོང་ཚོའི་ལྕགས་སྒང་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད། དུས་དེ་ནས་བཟུང་ཁོང་ཚོ་ས་ཕག་ཁང་པར་སྡོད་མི་དགོས་པར། ཆུ་དང་། གློག དྲ་བ་བཅས་ཤར་གཏོང་ཐུབ་ལ། རྒྱ་ཁྱོན་ཆེ་ཤོས་སྨི་ངོས་གྲུ་180ཟིན་པའི་སྡོད་ཁང་གསར་པར་སྤོས་པ་རེད།

རླངས་འཁོར་བསྡད་ནས་རྒྱལ་ལམ་219བརྒྱུད་དེ་རུ་ཐོག་རྫོང་གི་ཕྱོགས་སུ་སྤྱི་ལེ་50ལྷག་ཙམ་བསྐྱོད་རྗེས། གཞུང་ལམ་ཉེ་འགྲམ་གྱི་ཨ་རུ་གྲོང་ཚོའི་ལྕགས་སྒང་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་ཞིང་། བོད་བཟོའི་སྡོད་ཁང་གསར་པ་གྲལ་སྟར་འགྲིག་ཅིང་ཁོད་སྙོམས་པའི་ཨར་འདམ་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་ནས་གང་སར་རྣམ་པ་གསར་རྐྱང་གིས་ཁེངས་ཡོད་པ་རེད།

བཀྲ་ཤིས་ཚེ་རིང་ནི་རུ་ཐོག་རྫོང་ཨ་རུ་གྲོང་ཚོའི་ཡུལ་མི་ཡིན་པ་དང་། དེ་སྔ་ཁོང་དང་འབྲོག་པ་མང་ཚོགས་མང་ཆེ་བས་རྩྭ་ཐང་དུ་སྐྱས་སྤོའི་འཚོ་བ་སྐྱེལ་བཞིན་ཡོད་ལ། ཕྱུགས་ཟོག་གང་དུ་འཚོས་ན་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད།

“སྔོན་ཆད་འབྲོག་རར་ཆུ་དང་གློག་སྟབས་བདེ་པོ་མེད། དགུན་དུས་གངས་ཆུ་འཐུང་བ་དང་དབྱར་དུས་རྒྱུག་ཆུར་བརྟེན་དགོས་ཀྱི་ཡོད། གློག་ཀྱང་ཉི་གློག་ལ་བརྟེན་དགོས་པས་ཡང་སེ་ཆད་ཀྱི་ཡོད” ཅེས་བཀྲ་ཤིས་ཚེ་རིང་གིས་བརྗོད།

གསར་འགོད་པ་བཀྲ་ཤིས་ཚེ་རིང་གི་སྡོད་ཁང་གསར་པར་འབྱོར་སྐབས། ཉིས་ཐོག་ཁང་པ་ཡག་པོ་ཞིག་མིག་ལམ་དུ་མངོན་ཞིང་། མགྲོན་བསུ་ཁང་དུ་སྐྱོད་སྐབས་སྙིང་རྗེ་བའི་བོད་བཟོའི་ཁྱིམ་ཆས་དང་། བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་གང་དགོས་ཅི་དགོས་འདུག བཀྲ་ཤིས་ཚེ་རིང་གི་བུ་མོས་གསར་འགོད་པ་ཉིས་ཐོག་ཏུ་ཁྲིད་དེ་ཁོ་མོའི་ཉལ་ཁང་ཆུང་ཆུང་ངོ་སྤྲོད་བྱས་བྱུང་། ཁང་པའི་ཕྱོགས་གང་ས་ནས་བཀྲ་ཤིས་ཚེ་རིང་ཁྱིམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་གྱི་འདུག

“ད་ཆ་འཚོ་བ་ཧ་ཅང་ཡག་པོ་འདུག ང་ཚོ་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་ཆུ་ཚོད་24ཡི་རིང་གློག་སྤྱོད་རྒྱུ་ཡོད་པས་ཁྱིམ་དུ་གོས་འཁྲུད་འཕྲུལ་འཁོར་དང་འཁྱགས་སྒམ་བེད་སྤྱོད་གཏོང་སྐབས་གློག་ཆད་པའི་སེམས་ཁྲལ་མི་འདུག ཆུ་ཡང་སྟབས་བདེར་ཕྱིན་པ་མ་ཟད་ཆུ་སྤུས་ཡང་བཟང་པོ་འདུག”ཅེས་བཀྲ་ཤིས་ཚེ་རིང་གིས་དགའ་སྤྲོའི་ངང་བརྗོད།

ཨ་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་མན་ཆང་གིས། གྲོང་ཚོ་གསར་པ་འཛུགས་སྐྲུན་བྱེད་རིང་གནས་སྤོས་སྡོད་ཁང་ཚད་གཞི་མཐོ་བའི་འཆར་འགོད་དང་། ལག་བསྟར། འཛུགས་སྐྲུན་བཅས་བྱས་པ་དང་། གནས་སྤོས་བཀོད་སྒྲིག་ཁང་པ་91གསར་དུ་བསྐྲུན་པར་སྲིད་གཞུང་གིས་མ་དངུལ་100%བཏང་བ་དང་འབྲེལ་མང་ཚོགས་ལ་འཚོ་བའི་དངོས་ཟོག་ཉོ་རོགས་ཀྱང་བྱས་ཡོད། མིག་སྔར་ཨ་རུ་གྲོང་ཚོའི་གནས་སྤོས་ས་ཚིགས་ཀྱི་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཉེ་འགྲམ་གྱི་ལྕགས་སྒང་གྲོང་ཚོའི་བུ་བཅོལ་ཁང་དུ་ཨ་རུ་གྲོང་ཚོའི་ཡུལ་མི་སྒྲོལ་མ་གཡང་འཛོམས་ཀྱིས་ཐབ་ཚང་གི་གཙང་སྦྲ་དང་དུག་སེལ་ལས་ཀ་ཡག་པོ་བྱེད་བཞིན་འདུག ཁང་པ་གསར་པར་སྤོས་ནས་ཡུན་རིང་མ་སོང་བར་སྒྲོལ་མ་གཡང་འཛོམས་ལ་བུ་བཅོལ་ཁང་དུ་མ་བྱན་གྱི་ལས་ཀ་ཞིག་རག་ཡོད་པ་རེད།

“འདི་གར་སྤོས་རྗེས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་རག་ནས་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། ཕྲུ་གུ་ཚོར་དཔེ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཀྱང་བྱུང་བས་སྲིད་གཞུང་གིས་ང་ཚོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྒྲོལ་མ་གཡང་འཛོམས་ཀྱིས་གསར་འགོད་པར་བརྗོད།

བཀྲ་ཤིས་ཚེ་རིང་དང་སྒྲོལ་མ་གཡང་འཛོམས་ལྟར་དུ་ཨ་རུ་གྲོང་ཚོའི་གནས་སྤོས་མང་ཚོགས་ཚོ་དགའ་ཚོར་ཆེ་ཤོས་བྱེད་པ་ནི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་ཙམ་མ་ཡིན་པར། བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་འབྲེལ་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་ཕྱིན་པ་དེ་རེད། ད་ཆ་ཨ་རུ་གྲོང་ཚོའི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།