ཀྲུང་གོ་བོད་ཀྱི་དྲ་བ།

མ་འཇོག་ཁོར་ཡུག་ལེགས་པར་བསྐྲུན། ཚོང་འགུགས་མ་འདྲེན་ཧུར་ཐག་བྱས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་ལས་དོན་སྐོར་བཀོད་པ།

2022ལོར་མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། འདས་པའི་ལོ་གཅིག་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཚོང་འགུགས་མ་འདྲེན་ལས་དོན་དེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ལ་བརྩིས་ནས། རང་འགུལ་ངང་ལས་དོན་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ས་ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

“ཚོང་འགུགས་ཆེ་མོའི”བཀོད་པ་སྲ་བརྟན་དུ་བཏང་ནས་མཉམ་ལས་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཀོད་པ།

མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་དེ“ལས་གྲྭ་ཨང་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་།“ཏང་སྲིད་ཀྱིས་དམ་འཛིན་གཙོ་བོ་དང་། རྫོང་ཁོངས་ཀྱིས་ཁུལ་གཅིག་ལ་དོ་དམ། སྡེ་ཚན་གྱིས་ཡུག་གཅིག་ལ་དམ་འཛིན། ཕྱོགས་ཁག་གིས་མཐུན་སྦྱོར། དམངས་ཡོངས་ཐེ་ཞུགས”བཅས་ཀྱི“ཚོང་འགུགས་ཆེ་མོའི”བཀོད་པ་འཐུས་སྒོ་ཚང་དུ་དང་སྲ་བརྟན་དུ་བཏང་བ་དང་། ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་འཇོག་ཁ་ཕྱོགས་ལ་དམ་པོར་དམིགས་པ་དང་མངའ་རིས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ཏེ། རྫོང་ཁག་དང་སྡེ་ཚན་ཁག་དང་མཉམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོང་འགུགས་རྣམ་གྲངས་ཇུས་འགོད་བྱས་ཁར། ཁྱད་ལྡན་ཡུལ་སྐོར་དང་ས་མཐོའི་ཞིང་འབྲོག་ལས་སོགས་ལེགས་ལྡན་ཐོན་ལས་དང་ཟུང་འབྲེལ་གྱིས་འོས་སྦྱོར་རྣམ་གྲངས་18ཇུས་འགོད་འོས་སྦྱོར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.3བཏང་ཡོད།

དེ་དང་ཆབས་ཅིག “ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ”བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ལྗོངས་ཕྱི་ནང་གི་ཚོང་འགུགས་བྱེད་སྒོ་ཐེངས་7ལ་ཞུགས་པ། འོས་སྐུལ་རྣམ་གྲངས་གྲ་སྒྲིག་ཞིབ་ཚགས་བྱས་པ། ཁེ་ལས་150ལྷག་ཙམ་དང་འབྲེལ་མཐུད་བྱས་པ། ཧོ་པེ་དང་ཧྲའན་ཤིས་ས་གནས་གཉིས་དང་འབྲེལ་མཐུད་འབྲེལ་གཏུག་མུ་མཐུད་ཟབ་ཏུ་བཏང་སྟེ་མངའ་རིས་ས་ཁུལ་གྱི་མ་འཇོག་ཁོར་ཡུག་ཡག་པོ་དང་། ཚོང་གཉེར་ཁོར་ཡུག ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས། གཟིགས་སྐྱོང་སྲིད་ཇུས། ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་སོགས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ། ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་སོ་སོར་ཧྲའན་ཤིས་ཀྱི་ཇ་བོད་དུ་བྲིན་འཚོང་འབྲེལ་མཐུད་བྱེད་པའི་མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་རྣམ་གྲངས་4ལ་མིང་རྟགས་བཀོད་པ། མ་དངུལ་སྒོར་དུང་ཕྱུར་31.9ཡི་གྲོས་མཐུན་ཡི་གེ་བཞག་ཡོད།

ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བར་དམིགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གཟིགས་སྐྱོང་སྲིད་ཇུས་སྐོར་གྱི་གཏན་འབེབས་འགའ་ཞིག》བཟོས་ནས་བཀྲམ་སྟེ་ཁྲལ་བསྡུ་དང་། དངུལ་རྩ། ཐོན་ལས་རོགས་སྐྱོར་སོགས་ནས་འཛད་སྤྱོད་དང་ཚོང་པ་གཉིས་ཀར་རྒྱབ་སྐྱོར་བྱས་ནས་ཚོང་འགུགས་མ་འདྲེན་གྱི་ཡིད་དབང་འགུགས་ཤུགས་ཆེ་རུ་ཏན་ཏིག་བཏང་བ་དང་། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། 《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་དཔྱད་ཆོག་འཐུས་བྱས་པའི་མ་འཇོག་རྣམ་གྲངས་ཀྱི་དཀར་ཆག》སོགས་དོན་འཁྱོལ་བྱས་པ། རང་འགུལ་ངང་གན་འཇོག་ཁེ་ལས་དང་འབྲེལ་གཏུག་བྱས་པ། རྣམ་གྲངས་ཞིབ་དཔྱད་ཆོག་འཐུས་དང་སྙན་སེང་ཐོ་འགོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ལས་དོན་སྒྲུབ་སྐབས་ཁེ་ལས་ཕར་རྒྱུག་ཚུར་རྒྱུག་ཐེངས་གྲངས་ཉུང་དུ་བཏང་བ། རྣམ་གྲངས་སྙན་སེང་ཐོ་འགོད་ཀྱི་དུས་ཚོད་ཐུང་དུ་ནུས་ལྡན་བཏང་བ། རྣམ་གྲངས་གང་མགྱོགས་སྐྲུན་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

མངའ་རིས་ས་ཁུལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ཁང་པ་བོགས་མར་ལེན་མཁན་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་རིམས་ནད་ཀྱིས་རྐྱེན་པས་ཁང་གླ་སྤྲོད་མི་ཐུབ་པའི་དཀའ་ངལ་འཕྲད་པར་དམིགས་ཏེ། མངའ་རིས་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱི་བླང་བྱའི་རྨང་གཞིའི་ཐོག་ཁང་གླ་ཆག་ཡང་དང་རྩ་ཆག་ཟླ་3ཐོལ་པ་བཏང་ཡོད། 2022ལོར་ཁང་པ་བོགས་མར་ལེན་མཁན་དུད་ཚང་755ལ་ཁྱོན་ཁང་གླ་སྒོར་ཁྲི་2075.05ཆག་ཡང་དང་རྩ་ཆག་བཏང་ཡོད།

ཚོང་འགུགས་བྱེད་སྟངས་གསར་གཏོད་བྱས་ཏེ“ས་གྲོལ་དཔལ་འབྱོར”འཕེལ་རྒྱས་བཏང་བ།

མངའ་རིས་ས་ཁུལ་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང《“ས་གྲོལ་དཔལ་འབྱོར”མཉམ་ལས་སྒྲོམ་གཞིའི་སྐོར་གྱི་གྲོས་མཐུན་ཡི་གེ》ལ་མིང་རྟགས་བཀོད་ནས་མཉམ་ལས་སྐུལ་འདེད་ཀྱི་ལམ་སྲོལ་བཙུགས་ཡོད། 2022ལོར་ལྷ་ས་མཐོ་གསར་ཁུལ་དང་མངའ་རིས་ས་ཁུལ“ས་གྲོལ་དཔལ་འབྱོར”གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ནས་དེའི་ནང་ཞུགས་པའི་ཆ་རྐྱེན་འཛོམས་པའི་ཁེ་ལས་3གཏན་འཁེལ་བྱས་པ་དང་། མངའ་རིས་ས་ཁུལ་གྱིས་མི་སྣ་བདམས་གཏོང་བྱས་ཏེ་ནན་ཅིང་དུ་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུར་ཞུགས་པ། བོད་མཚོ་བཟོ་ལས་གླིང་དོ་དམ་ཨུ་ལྷན་དང་ཀྲེ་ཅང་ཤིན་ཧྭ་མ་འཇོག་མ་རྐང་ཚད་ཡོད་ཀུང་སི་གཉིས་དང་ཕྱོགས་གསུམ་པའི་མཉམ་ལས་འདོད་མཐུན་གྲོས་མཐུན་ཡི་གེ་བཞག་པ་དང་། ཀྲེ་ཅང་ཤིན་ཧྭ་མ་འཇོག་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་བཏང་བའི་ནུས་རྒྱུ་གསར་པ་བསྡུ་ལེན་དང་ཤིན་ཧྭ་ནུས་རྒྱུ་གསར་པའི་རྟེན་གཞིའི་རྣམ་གྲངས་བོད་མཚོ་བཟོ་ལས་གླིང་དུ་དོན་འཁྱོལ་བྱ་རྒྱུའི་འཆར་གཞི་བཀོད་པ། མ་དངུལ་སྒོར་དུང་ཕྱུར་4གཏོང་རྒྱུའི་གྲོས་མཐུན་ཡི་གེ་བཞག་ཡོད།

གོམ་སྟབས་རྗེས་མར། མངའ་རིས་ས་ཁུལ་གྱིས་ཁ་གཏད་བོད་སྐྱོར་དང“ས་གྲོལ་དཔལ་འབྱོར”གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱིར་བསྐྱོད་ནས་ཚོང་འགུགས་འོས་སྦྱོར་དང་ས་ཁོངས་མཉམ་ལས་མཉམ་སྐྲུན་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞིང་། དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལ་ཡང་ཡང་བསྡུར་བ་དང་། ངེས་གནས་གནད་ལ་འཁེལ་པོས་འཚོལ་བ། ངར་ཤུགས་གཅིག་ཏུ་སྒྲིམ་པ་བཅས་བྱས་ཏེ། ཚོང་འགུགས་མ་འདྲེན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།