ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་ལས་དར་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དར་རོང་གྲོང་རྡལ་གྱིས་མངགས་ཐོའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་འདེབས་རྩལ་གསར་པ་ཁྱབ་གདལ་གཏོང་བ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འབྲོག་ལས་ཀྱི་རྒྱུད་པ་ལེགས་བཅོས་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། ཏང་དང་མང་ཚོགས་བློ་གཅིག་སེམས་གཅིག་གིས་ཐུན་མོང་འབྱོར་ཕྱུག་གི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད།

མངགས་ཐོའི་ཞིང་ལས་འཕེལ་རྒྱས་གཏོང་བ་ནི་ཞིང་ལས་ཞིབ་ལས་ཅན་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞིང་པའི“ཐོན་ཁུངས་རྒྱུ་ནོར་ལ་འགྱུར་བ་དང་རྒྱུ་ནོར་དངུལ་སྨར་ལ་འགྱུར་བ” དེ་བཞིན་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། 2022ལོར་དར་རོང་གྲོང་རྡལ་ཏང་ཨུད་ཚན་ཁག་གི་ཁོངས་མི་སྟག་རྩེ་བཟོ་ལས་གླིང་དང་། བོད་ལྗོངས་ཆེས་བྲིན་ནས་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ནས་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་སུ་བསྐྱོད་དེ། “སྲིད་གཞུང+ཁེ་ལས+ཞིང་དུད”ཀྱི་མངགས་ཐོ་ཅན་གྱི་འདེབས་སྟངས་གསར་པ་འཚོལ་ཞིབ་བྱས་ཡོད། ལོ་དེར་དར་རོང་གྲོང་རྡལ་གྱི་ཡུལ་མིས་རིམ་རྩིས་བྱས་ན་ནས་ལས་སྣོན་ཁེ་ལས་ལ་ནས་རྒྱ་མ་ཁྲི་34ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་109བྱུང་ཡོད། འདི་ལོ་དར་རོང་གྲོང་རྡལ་ལ་ནས་ཀྱི་མངགས་ཐོ་རྒྱ་མ་ཁྲི་100རག་པ་དང་། སྔོན་དཔག་བྱས་ན་མངགས་ཐོ་ཅན་གྱི་ནས་བཏབ་ནས་ཡོང་འབབ་སྒོར་ཁྲི་244ཡོང་གི་ཡོད།

གཞན་ཡང་དར་རོང་གྲོང་རྡལ་གྱིས་བོད་ལྗོངས་ཆེས་བྲིན་ནས་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་དང་སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། དར་རོང་གྲོང་རྡལ་དུ་མུའུ་1000གི་ནས་སྤུས་ལེགས་འདེབས་འཛུགས་རྟེན་གཞི་བཙུགས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་རེད།

2022ལོར་དར་རོང་གྲོང་རྡལ་གྱིས“ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག”མཐའ་འཁྱོངས་བྱས་ཏེ། སྙེ་མོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཁོངས་གཏོགས་ཁུལ་དུ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་དོན་སྤེལ་ཞིང་། ཁྱོན་ཚད་གཞི་མཐོ་བའི་ས་ཞིང་མུའུ་2600ལ་སྒྱུར་བཀོད་བྱས་པ་དང་འབྲེལ། སྔར་ཡོད་ཀྱི་རྨོ་ཞིང་ས་ཁོད་སྙོམས་པ་དང་། ལུད་བརྒྱབ་པ། ཆུ་བཏང་ནས་རྨོ་ཞིང་གི་ས་རྒྱུ་མུ་མཐུད་ལེགས་སུ་བཏང་སྟེ། ཕན་འབྲས་ཆེ་བའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་ཀྱི་གྲོང་རྡལ་སྟོབས་ཆེན་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

རྨང་གཞི་དེའི་ཐོག་འབྲོག་ལས་ཀྱི་རྒྱུད་པ་ལེགས་བཅོས་ཀྱི་ཇུས་གཞི་ཧུར་ཐག་བཀོད་ནས་བོད་ལུག་གི་རྒྱུད་པ་ལེགས་བཅོས་དང་བ་གླང་གི་རྒྱུད་པ་ལེགས་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། འབྲོག་ལས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་བཏོད་ཡོད། 2022ལོར་དར་རོང་གྲོང་རྡལ་གྱིས་ཁྱོན་དུད་ཚང་18ཀྱི་འབྲི་གཡག་21རྒྱུད་པ་འདྲེས་པ་དང་། འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཀྱི་ཁ་གསབ་དངུལ་སྒོར་ཁྲི་2ལྷག་ཙམ་སྤྲད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།