ཀྲུང་གོ་བོད་ཀྱི་དྲ་བ།

《བོད་སྨན་འདུལ་སྦྱོང་རིག་པ 》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།     སྤེལ་དུས། : 2023-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WechatIMG3159.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《བོད་སྨན་འདུལ་སྦྱོང་རིག་པ 》པར་སྐྲུན་འགྲེམ་སྤེལ་བྱས།

ཆེད་དེབ་འདི་ནི་ཟི་ལིང་གྲོང་ཁྱེར་གྱི་གལ་ཆེའི་ཚན་རྩལ་རྣམ་གྲངས་ཀྱི་ཞིབ་འཇུག་འབྲས་བུ་ཡིན་ཞིང་། རྩོམ་པ་པོས་བོད་སྨན་འདུལ་སྦྱོང་ཞེས་པའི་རིག་ཚན་འདི་ཉིད་གཞུང་ལུགས་ཆ་ཚང་ཞིང་མ་ལག་དང་ལྡན་པ། ལག་ལེན་རྣམས་ཁ་གསལ་ཞིང་ཁུངས་ལུང་དང་ལྡན་པར་ཡོང་ཆེད། སྦྱོར་བ་སྨན་དང་། ཞི་བྱེད་སྨན། སྦྱོང་བྱེད་ལས། འཕེལ་འགྲིབ་ནད། གསོ་བྱེད་ཐབས་བཅས་ཀྱི་རིག་གཞུང་ལ་གཞི་བཅོལ་ནས་བོད་སྨན་འདུལ་སྦྱོང་གི་གཞུང་ལུགས་དང་ལག་ལེན་བཅས་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་ཅི་ནུས་བྱས་ཏེ་གྲུབ་པ་ཞིག་ཡིན།

དེབ་འདིའི་ནང་དོན་ལ་བོད་སྨན་འདུལ་སྦྱོང་གི་གོ་དོན་དང་། བོད་སྨན་འདུལ་སྦྱོང་གི་དམིགས་ཡུལ་དང་དགོས་པ། བོད་སྨན་འདུལ་སྦྱོང་གི་གཞུང་ལུགས། བོད་སྨན་འདུལ་སྦྱོང་གི་ཕན་ཡོན། བོད་སྨན་འདུལ་སྦྱོང་དང་འབྲེལ་བའི་གཞལ་ཚད། བོད་སྨན་འདུལ་སྦྱོང་གི་ལག་ལེན། བོད་སྨན་དང་ཀྲུང་སྨན་འདུལ་སྦྱོང་གི་ཞིབ་བསྡུར་བཅས་སོ།།

དེབ་འདི་པར་དུ་བསྐྲུན་པའི་དམིགས་ཡུལ་ནི་བོད་སྨན་འདུལ་སྦྱོང་ཞེས་པའི་རིག་ཚན་འདིའི་གཞུང་ལུགས་དང་ལག་ལེན་སྔར་ལས་ཆ་ཚང་ཞིང་མ་ལག་དང་ལྡན་པར་འགྱུར་བ་ལ་མཁས་དབང་དང་ལས་གྲོགས་རྣམས་ཀྱིས་དོ་སྣང་དང་འབད་བརྩོན་གང་བཟང་བྱ་རྒྱུ་དང་། བོད་སྨན་འདུལ་སྦྱོང་རིག་པས་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་གསོ་བཅོས་དང་སྨན་སྦྱོར་བྱ་གཞག་ཐད་སྔར་ལས་ལྷག་པའི་ལག་རྗེས་འཇོག་པར་བྱ་རྒྱུ་དེ་ཡིན་ནོ།།

WechatIMG3158.jpeg

རྩོམ་པ་པོ་ངོ་སྤྲོད། ལྕང་ར་ཉི་མ་ཚེ་རིང་། གཞོན་སྐྱེས་བོད་སྨན་སྐྱེ་དངོས་སྨན་རྫས་ཞིབ་འཇུག་པ། 1982ལོར་མཚོ་སྔོན་མཚོ་ལྷོ་ཁྲི་ཀ་ལྕང་རྭ་སྡེ་བར་སྐྱེས། 2005ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དངོས་གཞིའི་སློབ་མཐར་ཕྱིན། 2010ལོར་སློབ་གླིང་དེ་གའི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། 2016ལོར་ལན་ཀྲོའུ་སློབ་གྲྭ་ཆེན་མོའི་སྐྱེ་དངོས་རིག་པའི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། 2010ལོ་ནས2016ལོའི་བར་བོད་ལྗོངས་ལྷ་རི་རྫོང་བོད་སྨན་ཁང་དུ་སྨན་པའི་ལས་དོན་གཉེར། 2016ལོར་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་ལས་བསྒྱུར་གནང་ཞིང་ད་ལྟའི་བར་སྨན་རྫས་ཞིབ་འཇུག་དང་དགེ་རྒན་གྱི་བྱ་བ་གཅིག་ལྕོགས་སུ་སྒྲུབ་བཞིན་མཆིས། མིག་སྔར་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཁབ་རིམ་པའི་བོད་སྨན་གསར་སྤེལ་དངོས་བཤེར་ཁང་གི་སྨན་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་མགོ་འཛིན་གྱི་འགན་ཁུར་ཡོད། ད་ལྟའི་བར་དུ་རྒྱལ་ཁབ་རིམ་པའི་ཚན་རྩལ་ལས་གཞི་བཞི་དང་ཞིང་ཆེན་རིམ་པའི་ཚན་རྩལ་ལས་གཞི་བདུན་བཅས་གཙོ་འཛིན་བྱས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཚད་མཐོ་དུས་དེབ་ཏུ་འབྲེལ་ཡོད་དཔྱད་རྩོམ་བཅུ་ཕྲག་ལྷག་སྤེལ་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།