ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་གཙོ་གནད་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་གཙོ་གནད་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་གཙོ་གནད་འཛུགས་སྐྲུན་ལས་གཞི་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དམངས་འཚོའི་བཟོ་སྐྲུན་གལ་ཆེན་དུ་བརྩིས་ནས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བ། ཕན་འབྲས་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

ཞིང་ཆེན་ཀྲུང་ལུགས་སྨན་ཁང་རྒྱལ་ཁབ་ཀྲུང་ལུགས་གསོ་རིགས་རིམས་ནད་འགོག་བཅོས་རྟེན་གཞིའི་འཛུགས་སྐྲུན་ལས་གཞི་དང་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་སྨན་ཁང་འཆར་འགོད་དང་རྩོལ་ནུས་གྲུབ་ཚུལ། ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། ཀྲུང་ལུགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅེས་ནོར་ཡིན་པ་དང་། ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་ནི་མཐོ་སྒང་གི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་བའི་དམངས་སེམས་བཟོ་སྐྲུན་ཡིན་པས། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། བྱ་བ་སྤེལ་ཤུགས་ཆེར་གཏོང་བ། བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་པ། ལས་གཞི་དོ་དམ་ལ་ཤུགས་སྣོན་པ། ཁོངས་གཏོགས་ཆ་སྡེབས་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ལས་གཞི་དུས་ལྟར་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས།

ཞིང་ཆེན་བུད་མེད་བྱིས་པའི་བདེ་སྲུང་སྨན་ཁང་གི་སྤྱིའི་གནས་སྤོར་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་སྨན་ཁང་གི་ཚན་ཁག་བཀོད་སྒྲིག་དང་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་ལ་ལྟ་ཞིབ་བྱས་པ་དང་། ལས་གཞི་འཆར་འགོད་བཀོད་སྒྲིག་དང་རྩོལ་ནུས་གཏན་ཁེལ། མ་དངུལ་འགན་སྲུང་དང་སྨན་བཅོས་དཔུང་སྡེ་འཛུགས་སྐྲུན་སོགས་གནས་ཚུལ་གསལ་བོར་དྲིས། ཁོང་གིས་ཞིང་ཆེན་ཡོངས་ཀྱི་བུད་མེད་བྱིས་པའི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་བདེ་སྲུང་སྨན་བཅོས་ཀྱི་དགོས་མཁོ་སྐོང་བར་དམིགས་ནས། སྤྱིའི་གནས་སྤོར་འཛུགས་སྐྲུན་ལས་གཞིའི་མཇུག་བསྡུ་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་བསྒྲུབ་པ་དང་། བུད་མེད་བྱིས་པའི་བདེ་སྲུང་ལས་ཁུངས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ཚད་གཞི་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ། བརྟག་བཅོས་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དོ་དམ་ཞབས་ཞུའི་མ་དཔེ་གསར་གཏོད་བྱེད་པ། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། བུད་མེད་བྱིས་པའི་བདེ་ཐང་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པར་བསྟན།

ཞིང་ཆེན་རིམས་འགོག་ལྟེ་གནས་དེང་རབས་ཅན་གྱི་རིམས་ནད་འགོག་སྡོམ་མ་ལག་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱེད་པ་དང་། འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཞིབ་མོ་བྱེད་པ། འཛུགས་སྐྲུན་དུས་ཚོད་དམ་འཛིན་བྱེད་པ། བདེ་འཇགས་དང་སྤུས་ཚད་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག སྟོབས་ཤུགས་ཡོད་རྒུས་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། རིམས་ནད་སྔོན་འགོག་གི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྤུས་ལེགས་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་མཁོ་སྤྲོད་ཇེ་མང་དུ་བཏང་སྟེ། མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག སྨན་བཅོས་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་བྱས་ནས། གནས་ཚུལ་ལ་ཉན་པ་དང་ཡུལ་དངོས་ནས་ལས་སྒྲུབ་བྱས་ལ། གནད་དོན་ཐག་བཅད། ཁོང་གིས་འཛུགས་སྐྲུན་དམིགས་འབེན་གཙིགས་སུ་འཛིན་པ་དང་། དུས་ཚོད་དམ་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་གནོད་བྱེད་པའི་བཀག་སྡོམ་རྒྱུ་རྐྱེན་དང་དཀའ་ཁག་གནད་དོན་ཐག་བཅད་དེ། ལས་གཞི་སྔ་མོ་ནས་འཛུགས་སྐྲུན་བྱེད་པ་དང་སྔ་མོ་ནས་བཀོལ་སྤྱོད་བྱེད་པ། སྔ་མོ་ནས་ཕན་ཁེ་བསྐྲུན་པར་ཁག་ཐེག་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་བྱེད་པ། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ནས། འཛུགས་སྐྲུན་སྤུས་ཚད་ལ་ཁག་ཐེག་བྱེད་དགོས། ཁ་གཏད་རོགས་སྐྱོར་དང་མཉམ་ལས་སྟེགས་བུ་ལ་རྒྱབ་བརྟེན་པ་དང་། པུའུ་དང་ཞིང་ཆེན་གྱི་མཉམ་འཛུགས་རྐྱེན་སྲོལ་འདོན་སྤེལ་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ལས་སྒོར་མཛུབ་སྟོན་བྱེད་པ། རྒྱང་བསྟེན་སྨན་བཅོས་སོགས་ཕྱོགས་ནས་མཉམ་ལས་མཉམ་འཛུགས་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་པར་ནན་གྱིས་བསྟན།

ཧི་ལུའུ་ཁྲུན་གྱིས་མཉམ་དུ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།