ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ས་ཁུལ་མེད་པར་བཟོས་ཏེ་གྲོང་ཁྱེར་བཙུགས་ནས་ལོ་བཅུ་འཁོར་བ་དེ་མགོ་རྩོམ་ས་གསར་བར་བྱས་ཏེ། མཁར་གྲོང་འཕེལ་རྒྱས་ཀྱི་ལས་དོན་སོ་སོ་ལེགས་པར་སྒྲུབ་པར་སྤྱི་འདོམས་དང་དེང་རབས་ཅན་གྱི་མཚོ་ཤར་གསར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པར་ནན་གྱིས་བསྟན།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཐང་ཁྲོན་གྲོང་རྡལ་ཙུང་ཀྲའེ་སྡེ་བའི་དྲོད་ཁང་དུ་སོང་ནས། ལོ་ཏོག་སྐྱེ་ཚུལ་ལ་བལྟས་པ་དང་། ས་ཞིང་གི་སེར་ལངས་ཚུལ་དང་ཞིང་ལས་རྒྱུ་ཆས་ཉར་གསོག ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་གཙོ་གནད་ལ་དམིགས་པ་དང་། ས་གནས་དེའི་ཚོང་རར་རྐང་བཙུགས་ཏེ། མཐོ་སྒོང་གི་སྔོ་ཚལ་ཐོན་ལས་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་བསྐྱེད་དགོས་པར་བསྟན། མཚོ་སྔོན་ཧྲུའུ་ཀྲུའུ་ཐེན་ཡིའུ་ཏི་ནས་ཆང་མ་རྐང་ཚད་ཡོད་ཀུང་སི་རུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཐོན་སྐྱེད་ཡུལ་དངོས་སུ་སོང་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ལ་ཉན་ནས་བསྟན་དོན། ཁེ་ལས་སུ་སོང་ནས་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་། གནད་དོན་ངོ་མ་ཐག་གཅོད་པ་དང་གནད་དོན་དངོས་སུ་ཐག་གཅོད་པར་བརྟེན་ནས་ཁེ་ལས་ཡིད་ཚིམ་པར་བྱེད་དགོས། མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་འགྲེམ་སྟོན་ཁང་དུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་མཁར་གྲོང་གི་གད་སྙིགས། བཙོག་ཆུ་ཐག་གཅོད་ཀྱི་གནས་ཚུལ་ལ་ཉན་ནས་བསྟན་དོན། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་སྒོས་བཀོལ་སྤྱོད་བྱས་ནས། གད་སྙིགས་དང་བཙོག་ཆུ་ཐག་གཅོད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཉན་པའོ་མུའུ་སི་ལིན་ཆོས་ཁང་དུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཆོས་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ནས། དབྱི་སི་ལན་ཆོས་ལུགས་ཀྱི་སྙིང་བོ་དང་ཆོས་ཁྲིམས་ཐད་ནས་དུས་རབས་ཡར་ཐོན་གྱི་རེ་བ་དང་མཐུན་པའི་འགྲེལ་བཤད་བྱས་པའི་བྱེད་ཐབས་ལ་ཁས་ལེན་བྱས། མཚོ་སྔོན་ཀྲུང་ཐའེ་ཆིན་ཏོན་སྒྲིག་ཆས་བཟོ་སྐྲུན་ཚད་ཡོད་ཀུང་ཟི་རུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རང་འགུལ་སྒོས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་གསལ་བོར་དྲིས་པ་དང་། ཁེ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་འཐབ་ཇུས་ཐད་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་བྱ་བར་དམིགས་ནས་ཡུལ་དངོས་ནས་ལས་སྒྲུབ་བྱས་པ་མ་ཟད། ས་གནས་དང་སྡེ་ཁག་གི་འགན་ཁུར་མི་སྣས་ཇུས་གཞི་ཞིབ་མོ་བཏོན་ནས། ཁེ་ལས་སྟོབས་ལྡན་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཏོན།

མཚོ་ཤར་གྲོང་ཁྱེར་གྱི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཁྲེན་ཀང་གིས་མཚོ་ཤར་གྲོང་ཁྱེར་གྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་མི་གྲངས་ཆེས་ཉུང་བའི་ཞིང་ཆེན་དང་མངའ་ཁོངས་ཆེས་ཆེ་བའི་ཞིང་ཆེན། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ། མི་རིགས་བྱ་བའི་ཞིང་ཆེན་ཆེན་པོ་ཡིན་པའི་ཆ་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི། མཚོ་ཤར་གྱིས་རང་སྟེང་གི་དགེ་མཚན་ལ་རྐང་འཛུགས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། དེང་རབས་ཅན་གྱི་མཚོ་ཤར་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་དུ་བཟང་བོར་བསྐྱོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤུགས་འདོན་ས་འཚོལ་བ་དང་། རང་སྟེང་གི་དགེ་མཚན་ལ་དམིགས་ནས་དེང་རབས་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་བྱེད་པ། ཐོན་ལས་དང་གྲོང་ཁྱེར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་ལས་རིགས་དང་སྡོད་ཁང་དོ་མཉམ་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་མཁར་གྲོང་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་འགག་ཇེ་དྲག་ཏུ་གཏོང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་རྒྱུན་མཐུད་ངང་སྤེལ་ནས། འཚོ་སྡོད་ཁོར་ཡུག་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྤྱི་ཚོགས་བརྟན་འཇགས་ཐད་ཀྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱེད་པ། དགོན་སྡེ་དང་ལྷ་ཁང་གི་དོ་དམ་ལ་ཤུགས་སྣོན་པ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གྲུབ་པར་བྱེད་དགོས། དམངས་འཚོའི་བདེ་སྐྱིད་ཇེ་མཐོར་གཏོང་བའི་འདེགས་སྐྱོར་བྱེད་ཡུལ་ལ་དོ་སྣང་བྱེད་པ་དང་། སློབ་གསོ་དང་སྨན་བཅོས། ལས་ཞུགས་སོགས་ཕྱོགས་ཀྱི་ཞན་ཆ་ཁ་གསབ་བྱེད་པ། གྲོང་གསེར་དར་སྤེལ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། བྱེད་ཐབས་སྣ་མང་སྤྱད་དེ་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་རྒོལ་བྱེད་ཡུལ་དམ་འཛིན་བྱེད་པ་དང་། དུས་ནམ་ཡང་ལམ་དུ་ཡོད་པ་གཉིས་ཡིད་ལ་དམ་པོར་འཛིན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱོད་ཚུལ་བསྒྱུར་བ་དང་བྱ་བ་ལེགས་སྒྱུར་བྱེད་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་དོན་དངོས་སྒྲུབ་པ་དང་བྱེད་ཐབས་བཟང་བོ་འདོན་པ། ཕན་འབྲས་བརྩོན་ལེན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་འཕེལ་རྒྱས་ཀྱི་ཆ་རྐྱེན་ཧ་ཅང་བཟང་བ་དང་། ཞིང་ཆེན་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་ཧ་ཅང་གལ་ཆེ་བས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ་དང་། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། ལངས་གནས་སྔར་ལས་མཐོན་པོ་དང་སྟོབས་ཤུགས་སྔར་ལས་ཆེན་པོ། བྱེད་ཐབས་སྔར་ལས་བཟང་བོར་བརྟེན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་སྟེང་ཡང་བསྐྱར་ཤུགས་འདོན་པ་དང་། ཐོན་ལས་སྟོབས་ལྡན་དུ་བསྒྱུར་བ་དང་འཕེལ་རྒྱས་སུ་གཏོང་བ། ཕུལ་བྱུང་ཁེ་ལས་འཕེལ་རྒྱས་སུ་བཏང་སྟེ། སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་སྟེང་ཡང་བསྐྱར་ཤུགས་འདོན་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཀྱི་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བ་དང་མཁོ་འདོན་ལ་འགན་སྲུང་བྱེད་པ་དམ་འཛིན་བྱེད་པ། ཐོན་ལས་དར་སྤེལ་གཏོང་བ་དམ་འཛིན་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་སྟེང་ཡང་བསྐྱར་ཤུགས་འདོན་པ་དང་། རང་འགུལ་གྱིས་ཟི་ལིང་དང་གྲོང་ཁྱེར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་པ། རིགས་གསར་པའི་གྲོང་གསེབ་ཅན་འཛུགས་སྐྲུན་བྱས་ཏེ། བབ་སྡོད་ལས་བརྩོན་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། མཚོ་སྔོན་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོ་འཛུགས་པའི་སྟེང་ཡང་བསྐྱར་ཤུགས་བཏོན་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་བཏང་སྟེ། མཚོ་ཤར་གྱི་ལས་དོན་སྣ་ཚོགས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

མིག་སྔར་ནི་ཞིང་ཆེན་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་ཀྱི་དུས་སྐབས་ཡིན་པ་དང་། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྟོག་ཞིབ་བྱེད་སྐབས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་དམ་པོར་འཛིན་པ། རྨོ་འདེབས་ཀྱི་དུས་སྐབས་བཟང་བོ་འགོར་འགྱངས་མི་བྱེད་པར་ཞིང་ལས་དང་འབྲེལ་བའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། ལག་རྩལ་གྱི་མཛུབ་སྟོན་དང་ཁྱབ་གདལ་བཟང་བོར་སྒྲུབ་པ། ཞིང་ལས་རྒྱུ་ཆས་ཀྱི་མཁོ་འདོན་བཀོད་གཏོང་དང་གནམ་གཤིས་ལྟ་ཞིབ་ལ་ཤུགས་སྣོན་པ། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་བརྟན་འཇགས་སུ་གཏོང་བ་དང་རྒྱ་བསྐྱེད་དེ། ཞིང་ལས་ཐོན་ལེགས་ཡོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ལ་ཙི་པེ་ཁི.རོའུ་སུའུ་ལི་ཧྭན་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།