ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། 2023ལོར་མཚོ་ཤར་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་གནད་ཀྱི་མ་རྩ་གཏོང་ཕྱོགས་ཁོང་དུ་ཆུད་ནས། 2023ལོར་སྤྱི་ཚོགས་ཡོངས་ཀྱིས་མ་དངུལ་སྒོར་ཁྲི500ཡན་ཅན་གྱི་རྣམ་གྲངས1024ལག་བསྟར་བྱ་རྒྱུའི་འཆར་འགོད་བྱས་པ་དང་། མ་དངུལ་བསྡོམས་པས་སྒོར་དུང་ཕྱུར2334བཏང་སྟེ། མ་དངུལ་སྒོར་དུང་ཕྱུར265ཡན་བཏང་ནས་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཟོས།
མཚོ་ཤར་གྲོང་ཁྱེར་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དཔྱིད་ཀའི་རྨོ་འདེབས་དང་གྲ་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་གཏོང་རྒྱུ་རེད། ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ཐོན་འབབ་མཐོ་བའི་ཞིང་ཁའི་རྒྱ་ཁྱོན་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་དགོས། རྨོ་ཞིང་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྨོ་ཞིང་ས་རྒོད་དུ་ལུས་པ་དང་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། འབྲུ་རིགས་བསྡོམས་རྩིས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་བསྡོམས་རྩིས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པའི་འབྲུ་རིགས་གྲབས་གསོག་ལ་དོ་དམ་དང་ཞིབ་བཤེར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས། གྲབས་གསོག་འབྲུ་རིགས་ཀྱི་སྤུས་ཚད་སོགས་ཀྱི་དོ་དམ་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱས་ཏེ། དུས་ནམ་ཡིན་ཡང་འབྲུ་རིགས་ཀྱི་གསོག་འཇོག་ཚད90%ཡན་ཟིན་རྒྱུའི་འགན་ལེན་བྱས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་ཤར་གྲོང་ཁྱེར་གྱིས2023ལོར་སྤྱིའི་མ་དངུལ་སྒོར་ཁྲི500ཡན་ཅན་གྱི་རྣམ་གྲངས1024ལག་བསྟར་བྱ་རྒྱུའི་འཆར་གཞི་བཟོས་པ།