ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་རང་ཞིང་གི་ཚན་ལྡན་བཟོ་ལས་ཀྱི་འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅུའུ་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་བཟོ་འཕྲིན་ཐིན་གྱིས་འཁོར་སྐྱོད་བརྟན་པོ་དང་། དངུལ་གཏོང་བརྟན་འཇགས། འཕར་སྣོན་བརྟན་པོ་བཅས་ཀྱི་བརྒལ་གཏོར་གནད་སར་བཟུང་སྟེ། ཁེ་ལས་ལ་རོགས་བྱེད་པའི་སྲིད་ཇུས་བྱེད་ཐབས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། ཆེད་སྦྱོང་འཛིན་གྲྭ་བཙུགས་ནས་ཁེ་ལས་ཞབས་ཞུ་གཏིང་ཟབ་དུ་བཏང་བ་དང་། བཟོ་ལས་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱས་པ། ཐོན་སྐྱེད་འདོན་སྤྲོད་མཐུན་སྦྱོར་ཧུར་ཐག་དང་གཙོ་གནད་རྣམ་གྲངས་ཀྱི་དངུལ་གཏོང་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས། ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་ལ་འགན་སྲུང་བྱས་པ་མ་ཟད། བྱེད་ཐབས་སྣ་མང་སྤྱད་དེ་གསོག་འཇོག་ཡོད་པ་དང་། འཕར་སྣོན་རྒྱ་སྐྱེད་དང་། མི་འདང་ས་ཁ་གསབ་བྱས་ཏེ་ཁེ་ལས་ཐོན་སྐྱེད་བདག་གཉེར་བརྟན་པོའི་ངང་བཟང་ཕྱོགས་སུ་འཕེལ་བར་རྨང་གཞི་ལེགས་པོ་བཏིང་།

བཟོ་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཕྱོགས་བརྟན་པོ་ཡོང་བར་ནུས་ལྡན་གྱི་འདེགས་སྐྱོར་ནུས་པ་འདོན་སྤྲོད་བྱེད་ཀྱིན་ཡོད། ཉིས་སྟོང་ཉེར་གཉིས་ལོར། ལོ་ཧྲིལ་བོའི་ཚད་ལྡན་བཟོ་ལས་ཀྱི་འཕར་ཚད་དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་ལྔ་འཕར་ནས་གཏན་ཁེལ་དམིགས་འབེན་ལས་བརྒལ་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་གྲངས་ལས་མཐོ་བས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ནས། ཉེ་བའི་ལོ་བཅུའི་ཆེས་མཐོའི་འཕར་ཚད་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།