ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ཚོགས་ཆེན་གཉིས”རྒྱལ་ཁའི་ངང་གྲོལ་བ་དང་། སྐབས་གསར་པའི་སྲིད་གཞུང་ཚན་ཁག་གི་འགན་གསར་པ་འཁུར་མཚམས་སུ། ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། ཞིང་ཆེན་སྲིད་གཞུང་གིས་གསར་དུ་བསྐོ་འཇོག་བྱས་པའི་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་དམ་བཅའ་འཇོག་པའི་མཛད་སྒོར་ལྟ་སྐུལ་བྱས།

དམ་བཅའ་འཇོག་པའི་མཛད་སྒོ་དེ་ཡུལ་དངོས་ནས་གཟབ་རྒྱས་ངང་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་རྩ་ཁྲིམས་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཚང་མ་གུས་སྟབས་ཀྱིས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་དམ་འཇོག་དང་ལེན་བྱེད་མཁན་གྱིས་རྩ་ཁྲིམས་ཀྱི་མདུན་ནས་ལག་པས་བྱིལ་བྱིལ་བྱས་ནས་དམ་ཚིག་ངག་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གིས་རུ་སྟར་བསྒྲིགས་ནས་ཡར་ལངས་ཏེ་རྗེས་སུ་འབྲངས་ནས་དམ་ཚིག་བཀླགས།

དམ་བཅའ་བཞག་རྗེས་ཝུའུ་ཞའོ་ཅུན་གྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པ་ནི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མཛད་སྒོ་ཞིག་ཡིན་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་མངོན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། སྔོན་ཐོན་གྱི་རྩ་ཁྲིམས་རིག་གནས་དང་ཁྲིམས་སྐྱོང་དད་སེམས་མཚོན་ཐུབ་ལ། ཆབ་སྲིད་དཔལ་ཡོན་གྱི་གསོན་ཉམས་ཅན་མཚོན་ཚུལ་ཞིག་བཅས་ཡིན། ཚང་མས་གཟི་བརྗིད་ལྡན་པའི་དུས་སྐབས་དེ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས། དམ་བཅའ་བརྟན་སྲུང་བྱེད་པ་དང་བྱ་སྤྱོད་ལག་བསྟར་བྱེད་པ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་ལམ་སྲོལ་སྟེང་བརྟན་པོར་སྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།