ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་ཀང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་སྡེ་ཁག་ཏུ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་བཅས་ལ་རྟོག་ཞིབ་བྱས་པར་མ་ཟད་བྱ་བའི་གྲོས་གཞི་ལ་ཉན་པ་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་སྐོར་ཞིག་གི་ལས་བྱེད་པ་དང་བསམ་བློ་བརྗེ་རེས་བྱས་ལ། ཚང་མའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཚང་མར་ལོ་སར་གྱི་སྨོན་འདུན་ཞུས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོངས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། མཐུན་སྒྲིལ་གཅིག་གྱུར་དང་མཉམ་དུ་འབད་འཐབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་འགོད་མངོན་འགྱུར་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་བཅས་སོ་སོར་རྟོག་ཞིབ་ལ་ཞུགས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ། ཁྲིན་ཀང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་ལྟེ་གནས་སུ་སོང་ནས། ས་གནས་ཁྲིམས་འཛུགས་དང་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སོགས་ཕྱོགས་ཀྱི་བྱ་བའི་ངོ་སྤྲོད་ལ་ཉན། ཁོས་བསྟན་དོན། དམངས་ཆེན་བྱ་བའི་ཐད་ནས་ཐོག་མར་ཏང་གི་ཕྱོགས་ཡོངས་་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་གཙིགས་སུ་འཛིན་པ། ཞིང་ཆེན་ཏང་ཨུས་གཏན་ཁེལ་བྱས་པའི་འཐབ་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། བཟོ་སྐྲུན་གལ་ཆེན་ལ་དམིགས་པ། མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། རང་སྟེང་འཛུགས་སྐྲུན་ལ་རྒྱུན་མ་ཆད་པར་ཤུགས་སྣོན་པ། འགན་ནུས་འགན་འཁྲི་འདོན་སྤེལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ཐད་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་སྲིད་གཞུང་ལས་ཁུངས་སུ། ཁྲིན་ཀང་ཕྱོགས་བསྡུས་ཁྲུའུ་གཉིས་པ་དང་སྤྱིའི་ལས་རེས་ཁང་དུ་སོང་ནས། གཞུང་སྒྲུབ་ཐིན་གྱི་བྱ་བའི་སྤོ་སྒྱུར་དང་ལས་རེས་ལས་སྲུང་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ནི་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་སྲིད་འཛིན་ལྟེ་གནས་ཡིན་པས། འགན་འཁྲི་ལྕི་བ་དང་གཟི་བརྗིད་ལྡན། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། བློ་སེམས་རྩེ་གཅིག་གིས་བྱ་བ་སྒྲུབ་པ་དང་ཁག་ཁུར་འབད་འཐབ་བྱེད་པ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། དཀའ་ངལ་ཁྱད་སེལ་བྱེད་པ་དང་དཀའ་ངལ་གདོང་གིས་བསུ་བ། ཧུར་ཐག་གིས་བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཐད་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། གསོན་ཤུགས་ཆེན་པོ་སྲུང་འཛིན་བྱེད་པ། ཏང་གི་རླབས་ཆེན་ལས་དོན་ཁྲོད་ཞུགས་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལང་ཚོའི་སྟོབས་ཤུགས་འབུལ་དགོས། སྤྱོད་ཚུལ་བཟང་བོ་དང་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གཟབ་ནན་དང་འགན་སྲུང་། མགྱོགས་མྱུར། ཕན་མཐོའི་སྙིང་སྟོབས་ལ་བརྟེན་ནས། ལས་རེས་ལས་སྲུང་དང་སྔོན་བརྡ་འགོག་སྲུང་། ཞིབ་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ནས། ལོ་མཇུག་དང་ལོ་མགོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས།

ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ། ཁྲིན་ཀང་གིས་ཏང་འཛུགས་བར་ཁྱམས་དང་ཏང་ཡོན་བྱ་འགུལ་ཁང་ལ་ལྟ་སྐོར་བྱས་པ་དང་། གྲོས་གཞི་སྒྲུབ་པའི་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན། ཁོས་བསྟན་དོན། སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ལམ་བུ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་དགོངས་དོན་གལ་ཆེན་སློབ་སྦྱོང་སྔར་ལས་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཅངས་པའི་ཐུགས་ཁུར་དང་གཟིགས་སྐྱོང་བྱ་བ་སྣ་ཚོགས་ཁྲོད་འདྲེས་པར་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། སྟོབས་ཤུགས་གཅིག་ཏུ་བསྡུ་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བ་སོགས་ལ་དམིགས་ནས་བློ་འདོན་སྲིད་སྐྱོང་བྱས་ཏེ། སྲིད་གྲོས་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པ་དང་བྱས་རྗེས་སྔར་ལས་ཆེན་པོ་ལེན་དགོས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པས་མཉམ་དུ་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱས་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བས། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོ་དང་བསམ་པའི་རྣམ་པ་བཟང་བོས། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་ནན་མོ་བྱེད་རྒྱུ་ཡིན་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།