ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས་རྒྱུན་ཆད་མེད་པར་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྲུང་སྐྱོང་ལ་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། གསར་འགོད་པས་ཤེས་གསལ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས“དྲ་རྒྱ་གསུམ”གྱི་བྱེད་ཐབས་སྤྱད་དེ། རྒྱུན་ཆད་མེད་པར་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། ཁུལ་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ། 

རྨ་ལྷོ་ཁུལ་གྱིས“ནགས་དཔོན་དང་རྩྭ་དཔོན་ལམ་ལུགས”ལ་བརྟེན་ནས། སྔར་ལས་ལྷག་པར་ཕྱོགས་སོ་སོའི་འགན་འཁྲི་ཐད་ཤུགས་བསྣན་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ལ་སྐུལ་འདེད་བྱས་པ་བརྒྱུད། སྡེ་ཁག་སོ་སོས་མཉམ་དུ་དོ་དམ་བྱེད་པ་དང་སྤྱི་ཚོགས་ཡོངས་ནས་ཞུགས་པའི་དོ་དམ་གྱི་རྣམ་པ་ཆགས། ཁུལ་ཡོངས་ནས་རྒྱལ་གཉེར་ནགས་ལས་ཁང་གི་ནགས་ཁུལ་དང་བརླན་ས། བྱེ་མའི་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ས་ཁུལ15ཁུལ་རིམ་པའི་གཙོ་གནད་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་མངའ་ཁོངས་གྲས་སུ་བཞག་པ་དང་།  རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་དོ་དམ་གྱི་འགན་འཁྲི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག》འགྲེམ་སྤེལ་བྱས་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེེ་དངོས་ཐོན་ཁུངས་སྲུང་སྐྱོང་ཐད་ཁྲིམས་མཐུན་ཅན་གྱི་དོ་དམ་བགྲོད་ལམ་དུ་སྐྱོད་པ། 

རྨ་ལྷོ་ཁུལ་གྱིས་བྱ་བའི་ཆེད་དོན་ཚན་ཆུང་བཙུགས་ནས།  རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྤྱི་ཚོགས་ཉེན་ཁའི་དཔྱད་ཞིབ་བྱེད་པ་དང་། ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་སོང་ནས་ནགས་ཚལ་སྐོར་ཞིབ་བྱེད་པ་དང་དྲིལ་སྒྲོག་སློབ་གསོ། ལྟ་སྐུལ་ཞིབ་བཤེར་བྱེད་པ་སོགས་མི་ལེགས་པའི་གནད་དོན་ཡོད་ཚད་རྩ་བ་ནས་མེད་པར་བཟོས་པ་མ་ཟད། ཟླ་རེར་རྒྱུན་ནམ་ཅན་གྱི་སྐོར་ཞིབ་ལྟ་སྐུལ་རྒྱུན་འཁྱོངས་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཚོགས་ས་དང་འཚོ་སྡོད་བྱེད་ས།  བྱ་རིགས་འཚོ་སྡོད་བྱེད་ས། འཕུར་སྐྱོད་བགྲོད་ལམ། མཚེའུ་དང་བརླན་ས། རྨ་ཆུའི་ཆུ་མཛོད་ཁུལ་སོགས་ལྟ་ཞིབ་ས་གནས21ནས་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས46ལྟ་ཞིབ་བྱས་པ་དང་ཁ་གྲངས་ཁྲི1.3ཟིན།  

རྨ་ལྷོ་ཁུལ་གྱིས་ད་དུང“རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་དྲིལ་སྒྲོག་ལོ་ཟླ”དང“བྱ་རིགས་སྲུང་སྐྱོང་གཟའ་འཁོར”སོགས་བྱ་འགུལ་སྤེལ་བ་བརྒྱུད། རྒྱུན་ཆད་མེད་པར་རི་སྐྱེས་སྲོག་ཆགས་མྱུར་སྐྱོར་བྱེད་པའི་བྱེད་ཤུགས་ཆེ་རུ་བཏང་ཞིང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ཐད་ཀྱི་ཁ་གསབ་རྣམ་གྲངས་མ་དངུལ་ཁྲི50དང་། བརླན་སའི་སྲུང་སྐྱོང་དང་སླར་གསོ་རྣམ་གྲངས་ཐད་མ་དངུལ་སྒོར་ཁྲི2163བཅས་བཏང་སྟེ། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱེད་ས་སྲུང་སྐྱོང་དང་བརླན་སའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ཐད་བཀོལ་པ་དང་།  རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ལ་སྐྱེ་ཁམས་ཐད་ཀྱི་ཁོར་ཡུག་ལེགས་པོ་སྐྲུན།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།