ཀྲུང་གོ་བོད་ཀྱི་དྲ་བ།

དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ་ཞབས་ཕྱི་གནད་འཁེལ་བསྒྲུབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། རབས་འདིའི་རིམས་ནད་བྱུང་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་པོའི་དམངས་སྲིད་སྡེ་ཁག་གིས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་པའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་དཀའ་ཁག་ཡོད་པའི་མང་ཚོགས་ལ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ་ཞབས་ཕྱི་གནད་འཁེལ་བསྒྲུབས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་རོགས་སྐྱོབ་གོ་རིམ་ལེགས་བསྒྱུར་དང་སྟབས་བདེ་རུ་བཏང་ཞིང“སྔོན་ལ་དྲ་ཐོག་ནས་སྒྲུབ་པ་དང་ཡུལ་དངོས་ནས་གསབ་སྒྲུབ་བྱེད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“དཀའ་ཐོག་སྡུག་བརྩེགས”ཀྱི་གནད་དོན་ལ་ཐག་གཅོད་ནུས་ལྡན་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་བསྡོམས་པས་ཁོངས་གཏོགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་ཁྲི1173.2དང་དྲོད་འདོན་ཁ་གསབ་སྒོར་ཁྲི1446.2། རིན་གོང་གི་གནས་སྐབས་ཁ་གསབ་སྒོར་ཁྲི496.32བཅས་སྤྲད་པ་མ་ཟད། མི་ཐེངས1546ལ་གནས་སྐབས་རོགས་སྐྱོབ་ཀྱི་མ་དངུལ་སྒོར་ཁྲི896.15སྤྲད་པ་རེད། རིམ་རྩིས་བྱས་ན་དགོས་མཁོ་ཡོད་པའི་དམངས་སྲིད་ཞབས་ཞུ་བྱ་ཡུལ3555ལ་ལྟོ་ཆས་སྒོ་ཁར་སྐྱེལ་བ་དང་། སེམས་གསོ་བྱེད་པ། ཚབ་ཉོ་ཚབ་སྒྲུབ། རིམས་འགོག་སྐོར་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ་དྲིལ་སྒྲོག་བྱེད་པ་སོགས་དམངས་ཕན་ཞབས་ཞུ་མང་པོ་བསྒྲུབས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་གཞི་རིམ་གྱི་ལས་དོན་མི་སྣར་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་ནས“ངོ་འཕྲད་མི་བྱེད་པའི”བྱ་ཐབས་སྤྱོད་པ་དང་། གཙོ་གནད་མི་ཚོགས་ལ་གྲལ་བཤེར་བྱེད་པའི་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་རིམས་ནད་འགོག་སྡོམ་བྱེད་སྐབས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། གནས་སྐབས་སུ་དྲ་ཐོག་ནས་རོགས་སྐྱོབ་ཆ་འཕྲིན་ནང་འཇུག་དང་ཞིབ་བཤེར། ཞིབ་མཆན་འགོད་པ་སོགས་ཀྱི་ལས་དོན་བསྒྲུབ་པས་དམངས་ཕན་ཞབས་ཕྱིའི་ཆུ་ཚད་དང་ནུས་པ་ཇེ་མཐོར་བཏང་། གཏན་འཁེལ་བྱས་ཟིན་པའི་རོགས་སྐྱོབ་འགན་སྲུང་བྱ་ཡུལ་ལ་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་སོགས་ཞིབ་བསྡུར་མི་བྱེད་པར་ཐད་ཀར་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་གནས་སྐབས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་བཅུག་པ་དང་། ཕྱོགས་ཡོངས་ནས“མྱུར་སྐྱོབ་དཀའ་སེལ”གྱི་ལས་དོན་སྤེལ་ཏེ་སྔོན་ལ་རོགས་སྐྱོབ་དང་རྗེས་ནས་འགྲོ་ལུགས་གསབ་སྒྲུབ་བྱེད་པའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས། མིག་སྔའི་བར་ཁོངས་གཏོགས་ཁུལ་གྱི་མི16093ལ་གནས་སྐབས་རོགས་སྐྱོབ་གནང་བ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི4661.11རྩིས་སྤྲོད་བྱས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་སྡེ་ཁག་གིས་རིམས་ནད་འགོག་སྡོམ་བྱེད་སྐབས་རྨ་ཆེན་རྫོང་གི་བཀག་སྡོམ་ཚོད་འཛིན་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་ནང་གི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་གྱི་དཀའ་ངལ་ཡོད་མཁན། དཀའ་ཁག་ཅན་གྱི་བྱིས་པ་སོགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱ་ཆེད་རྟ་བོ་གྲོང་རྡལ་དུ་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་བྱུང་རྗེས། དེ་མ་ཐག་ཏུ་དཀའ་ཁག་ཡོད་པའི་མང་ཚོགས་དང་མགྲོན་ཁང་། གསོལ་མགྲོན་ཁང་། འཛུགས་སྐྲུན་བཟོ་ལས་ཁུལ་སོགས་སུ་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། རིམས་ནད་ཀྱི་དབང་གིས་ས་གནས་དེ་གར་རང་སོར་ལུས་ཡོད་མེད་དང་འཚོ་བར་དཀའ་ཁག་ཡོད་མེད་སོགས་ལ་བལྟས་ནས་དཀའ་ཁག་ཅན་གྱི་མང་ཚོགས་ལ་འབྲས་དང་སྣུམ། ཚོད་མ་སོགས་གཞི་རྩའི་འཚོ་བའི་དངོས་ཟོག་དང་རིམས་འགོག་དངོས་ཟོག  དེ་མིན་ཐེངས་གཅིག་རང་བཞིན་གྱི་གནས་སྐབས་ཀྱི་རོགས་སྐྱོབ་མ་དངུལ་སོགས་སྤྲད་པ་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་སྟེང་གི་རོགས་སྐྱོབ་ཞབས་ཞུའི་ཁ་པར་ཡང་ཤར་གཏོང་བྱས་ཏེ་ཁྱིམ་སྡོད་ལོགས་བཀར་དང་། ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་བཞག་པ། རིམས་ནད་ཀྱི་དབང་གིས་རང་སོར་ལུས་པ་སོགས་ཀྱིས་དབང་གིས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་ཐེབས་པའི་ཕྱི་ཡོང་མི་སྣ་སོགས་ལའང་གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཁོངས་སུ་བཅུག་ནས་རོགས་སྐྱོབ་གནང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།