ཀྲུང་གོ་བོད་ཀྱི་དྲ་བ།

ཁྱད་ལྡན་ཐོན་ལས་སྟོབས་ཆེན་དུ་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 “ཡུང་ཧྭའི”སྐོར་གླེང་སྐབས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཞིའུ་ཅི་ཤང་དབྱི་ཁེ་ལ་སྡེ་བའི་ཡུལ་མི་ཚོར་མཚོན་ན་རྒྱུས་མངའ་མེད་པ་ཞིག་མིན། ཡུང་ཧྭ་ནི་དེ་སྔ་དབྱི་ཁེ་ལ་སྡེ་བའི་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། འབྲོག་པ་ཡིན་རུང་ཁྱིམ་དུ་ནོར་ལུག་མེད་པ་དང་བུ་མོ་གཉིས་ཟླ་རེར་ཁང་གླ་སྒོར100ལྷག་ཡིན་པའི་སྡོད་ཁང་ནང་བསྡད་ཡོད་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། 

གཏན་འཇགས་ཀྱི་ཡོང་འབབ་མེད་པ་དང་། དབུལ་སྒྲོལ་དང་ཐ་ན་ཕྱུག་འགྱུར་གྱི་ལམ་བུ་མེད་པས་ཡུང་ཧྭ་ཡིས་ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ལོ་དེ་དག་ནང་ཡུང་ཧྭ་ཁྱིམ་གྱི་ལོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར2960ལས་ཟིན་གྱི་མེད།

 དབྱི་ཁེ་ལ་སྡེ་བ་རུ་ཡུང་ཧྭ་ལ་དཀའ་ངལ་དེ་རིགས་འཕྲད་པ་ཙམ་མ་ཟད། སྐབས་དེ་དུས་དབྱི་ཁེ་ལ་སྡེ་བ་ནི་གཏེར་ལེན་ཁ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ180ཡི་ཕྱི་རོལ་དུ་ཡོད་པ་དང་། དུད་ཚང88ཀྱི་འབྲོག་པ་227བྱང་ཕྱོགས་རི་ཁུལ་དུ་ཁ་ཐོར་ངང་འཚོ་སྡོད་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་འབྲོག་ལས་བྱེད་སྟངས་དང་ཡོང་འབབ་སྣ་གཅིག་གི་འབྱུང་ཁུངས་ཡིན་པས་སྡེ་བའི་བྱ་གཞག་ཁག་གི་འཕེལ་རྒྱས་ཤིན་ཏུ་དལ། དེར་བརྟེན་ཡུལ་མི་ཚོ་རི་བོ་ལས་སྒྲོལ་ཏེ་ཁྱིམ་ནས་ཕྱིར་བསྐྱོད་རྒྱུ་ནི་དེ་བས་གླེང་ཐབས་བྲལ་བ་ཞིག་རེད། 

གཏེར་ལེན་ཁ་རྫོང་མཁར་རུ་སྡོད་པའི་འབྲོག་པ་རྣམས་ཁུལ་ཆུང་ཐའར་ཀེན་གྱི་ཁྱིམ་གཞིས་སུ་བཀོད་སྒྲིག་བྱས་ཤིང་། བཞོན་མ13ཉོས་ནས་སྡེ་བ་དང་མཉམ་དུ་འབྲོག་ལས་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་དང་། མཉམ་ལས་ཁང་གི་འོ་མའི་ཐོན་རྫས་ཀུང་སི་རི་ལས་ཀ་བརྟན་པོ་རེ་ཡོད……ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། དབྱི་ཁེ་ལ་སྡེ་བས་ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ། འབྲོག་སྡེ་གོང་འཕེལ་གཏོང་རྒྱུའི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། འཕེལ་རྒྱས་ཀྱི་འཆར་འགོད་དང་ཇུས་གཞི་བཟོས་ནས་ཚོང་ཁང་ཉོ་བ་དང་། མཉམ་ལས་ཁང་བཙུགས་ནས་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་བ། མི་རིགས་ཀྱི་རྒྱན་ཆ་རྐོ་བཟོའི་ཀུང་སི་ནང་འདྲེན་བྱས་ནས་སྡེ་མིར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ། སྡེ་བའི་འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་སྐྲུན་པ་སོགས་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞི་་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པར་བརྟེན་ཡུང་ཧྭ་ཡི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ཤར་བགྲོད་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྣོད་བཅུད། རྩ་འཛུགས་དར་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན་ཡོད། དགུན་ཚུགས་དུས་སུ་ཐའར་ཀེན་ཁྱིམ་གཞིས་སུ་སྡོད་པའི་ཡུང་ཧྭ་ཡི་སྡོད་གནས་སུ་སྐྱོད་སྐབས་མཛེས་སྡུག་ལྡན་པའི་སོག་རིགས་ཀྱི་ཁྱད་ལྡན་ཁང་པ་རིམ་པ་བཞིན་གྲལ་བསྒྲིགས་ནས་ཁྱིམ་ཚང་ཚང་མའི་སྒོ་རྩར་རླངས་འཁོར་ཆུང་གྲས་བཞག་ཡོད་ཅིང་། སྡེ་ཁུལ་གྱི་མེ་ཏོག་ལྡུམ་རའི་བསིལ་ཁང་ནང་རྒན་རྒོན་ཚོས་མཉམ་དུ་མིག་མངས་རྒྱག་པ་དང་ལུས་སྦྱོང་བྱེད་བཞིན་དུ་དགའ་སྤྲོའི་ངང་འཚོ་བ་སྐྱེལ་བཞིན་ཡོད། དེ་སྔའི་རྩྭ་ཐང་ཐོག་སྡོད་པའི་འབྲོག་པ་རྣམས་གྲོང་ཁྱེར་གྱི་འཚོ་བར་ཡོངས་སུ་འདྲེས་ཡོད་པ་རེད།

འོན་ཀྱང་སྡེ་བ་ཐུན་མོང་གི་དཔལ་འབྱོར་སྔར་བས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དབྱི་ཁེ་ལ་སྡེ་བར་ཡང་འཕེལ་རྒྱས་ཁྲོད་ཐོན་པའི་གནད་དོན་བྱུང་བ་དང་། དཔེར་ན་འབྲོག་ལས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེན་པོ་མེད་པས་ལས་སྟེགས་དེ་བས་མཐོ་བའི་ཁྲོམ་རའི་ནང་སླེབས་དཀའ་བས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རིང་ཇི་ལྟར་བྱས་ནས་སྡེ་བའི་འཕེལ་རྒྱས་སྔར་བས་ཟབ་ཏུ་གཏོང་དགོས་སམ། 

 “ལོ་དེ་དག་ནང་ང་ཚོའི་སྡེ་བས་སྡེ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སྤུས་ཚད་མཐོ་བ་དང་ཕན་འབྲས་ལེགས་པའི་ལས་གཞི་ཁག་གཅིག་འཆར་འགོད་བྱས་ནས་བསྐྲུན་པ་དང་། མང་ཚོགས་ལ་ཡོང་འབབ་མང་བོ་ཐོབ་པས་འཚོ་བ་ལེགས་སུ་ཕྱིན་ཡོད། ངའི་སེམས་པ་ཡང་བརྟན་པོ་བྱུང་ལ་ངར་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་སོང”ཞེས་དབྱི་ཁེ་ལ་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའམ་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་དོན་གྲུབ་བདེ་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་རྗེས་སྡེ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་བརྒྱུད་རིམ་ལ་སྔར་བས་བསམ་ཤེས་ཐུབ་ལ་ཁྲིད་སྟོན་དང་ཁ་ཕྱོགས་ཀྱང་བྱུང་ཡོད་ཅེས་བཤད། 

དབྱི་ཁེ་ལ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དེ་སྣེ་འདྲེན་དུ་བྱས་ནས་མ་དངུལ་སྒོར་ཁྲི70བཏང་སྟེ་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་ཐད་སྤྱད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་མི་འདང་བའི་གནད་དོན་གསབ་ནས་སྡེ་བའི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏང་རྒྱུ་དང་། དབྱི་ཁེ་ལ་སྡེ་བའི་འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས་ནས་འབྲོག་པའི་ཁྱིམ་གྱི་ནོར་ལུག་རྣམས་ཁྱད་ལྡན་ཐོན་རྫས་སུ་བསྒྱུར་ནས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་ཁྱབ་གདལ་བཏང་བ་སོགས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་དམིགས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཕྱུག་འགྱུར་ལམ་བུའི་ཐོག་མུ་མཐུད་བསྐྱོད་དེ་དབྱི་ཁེ་ལ་སྡེ་བ་དེ་དུས་མཚམས་གསར་པའི་ཕྱོགས་སུ་གོམ་སྟབས་སྤོ་བཞིན་ཡོད་པ་རེད། 

དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འཕེལ་རིམ་ཁྲོད་མང་ཚོགས་རྣམས་སྔར་བས་བདེ་སྐྱིད་ལྡན་པ་དང་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཕག་གྲུབ།