ཀྲུང་གོ་བོད་ཀྱི་དྲ་བ།

ནོར་ལུག་གི“དགུན་སྒྲོལ་གཟན་ཆས”གྲ་སྒྲིག་ཡག་པོ་བྱས་ནས་ཕྱི་ལོའི“ལོ་ལེགས་འབྱུང་བར”འགན་ལེན་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20221122124907.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དགུན་ཚུགས་མ་ཐག་ཏུ་གསེར་མདོག་གིས་བརྒྱན་པ་ལྟ་བུའི་རྩྭ་ཐང་གི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་གིན་ཡོད་མོད།  འོན་ཀྱང་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དེའི་རྒྱབ་ཏུ་འབྲོག་པ་ཚོའི་ངོ་གདོང་ལ་སྐྱོ་བས་ཁེངས་ཤིང་། “ད་ལོའི་དགུན་ཚུགས་རྗེས་གནམ་གཤིས་ཀྱང་རྒྱུན་ལྡན་མིན་པར་ཁ་བ་ཐེངས་མང་བབས་ནས་རྩྭ་ཐང་ཡོངས་སུ་ཁ་བས་གཡོགས་པ་མ་ཟད། དྲོད་ཚད་དམའ་བ་དང་། ཁངས་ཞུ་ཚད་དལ་བས་ངེད་ཁྱིམ་གྱི་འབྲི་གཡག་བཅུ་གྲངས་ལྷག་གིས་ལྟོ་འཚོལ་དཀའ་བ་དང་ཉིན་བཞིན་ཇེ་སྐམ་དུ་འགྲོ་བཞིན་ཡོད”ཅེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་ཤང་དར་དམར་སྡེ་བའི་འབྲོག་པ་སྐལ་བཟང་གིས་བྲེལ་འཚུབ་ངང་དེ་ལྟར་བཤད། 

འབྲོག་པའི་མིག་སྔའི་སེམས་ནང་གི་བྱ་བ་ཐག་གཅོད་བྱ་ཆེད། གཡུ་སྐེ་ཤང་ཏང་ཨུ་དང་སྲིད་གཞུང་གིས“སྔ་བ་གསུམ”ལ་བརྟེན་ནས་དགུན་སྒྲོལ་ཕྱུགས་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ། དགུན་སྒྲོལ་གཟན་རྩྭའི་རྒྱུ་ཆ་གྲབས་གསོག་གི་ལས་འགན་ཁག་མགྱོགས་མྱུར་ངང་ལེགས་སྒྲུབ་བྱས་པ་རེད། 

 “ད་བར་ནི་ནོར་ལུག་ལ་དགུན་གྱི་གཟན་ཆས་གྲབས་གསོག་བྱེད་བཞིན་པའི་སྒང་ཡིན། ཟླ11པའི་ཚེས9ཉིན་ནས་བཟུང་ང་ཚོས་གཟན་རྩྭ་ཁག་གཉིས་པ་བཀོད་སྒྲིག་བྱས་ནས་ཕྱུགས་རིགས་ལ“བཟའ་འབྲུ”གྲ་སྒྲིག་བྱས་ཡོད། དུས་འགོར་སྡེ་བའི་མགོ་ཁྲིད་དང་། ཧྲུའུ་ཅི་དང་པོ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། འབྲོག་པའི་ཏང་ཡོན་བཅས་སྔོན་ལ་སྡེ་བའི་དུད་ཁྱིམ་དུ་བསྐྱོད་དེ་དུད་ཁྱིམ་རེ་རེའི་འབྲོག་པ་མང་ཚོགས་ལ་སྔ་ས་ནས་གཟན་རྩྭ་གསོག་འཇོག་བྱེད་དགོས་པའི་སྐུལ་སློང་བྱས་ཤིང་། མིག་སྔར་ཤང་དེ་ཡོངས་ཀྱི་འབྲོག་ཁྱིམ70%ཡིས་གཟན་རྩྭ་རང་གསོག་བྱས་པ་དང་དུས་མཚུངས་སུ་སྡེ་བའི་ནང་གི་འབྲོག་ཁྱིམ་ཁག་གཅིག་གི་གསོག་འཇོག་མི་འདང་བ་དང་། སྐྱེལ་འདྲེན་སྟབས་བདེ་མེད་པ་སོགས་ཀྱི་གནད་དོན་ལ་བསམ་གཞིག་བྱས་ནས‘ཏང་ཡོན་གདོང་ལེན་རུ་ཁག’གིས་གཟའ་འཁོར་རེར་དུས་བཀག་ལྟར་གཅིག་གྱུར་ཐོག་ཉོ་སྒྲུབ་དང་དངོས་ཟོག་སྒོ་འགྲམ་དུ་སྐྱེལ་བའི་ཞབས་འདེགས་ཞུ་གིན་ཡོད། དཀའ་ངལ་ཡོད་པའི་གསོ་ཚགས་དུད་ཚང་ཁག་གཅིག་ལ་སྤྱི་རྒྱ150ཡི་ཚད་གཞི་ལྟར་རིན་པ་མི་དགོས་པར་གཟན་རྩྭ་སྤྲད་དེ‘ཕྱུགས་ཟོག་ལ་གཟན་ཆས་ཡོད་ན་འབྲོག་པར་སེམས་ཁྲལ་མེད་པ’དངོས་འབྲེལ་བྱེད་ཀྱིན་ཡོད”ཅེས་གཡུ་སྐེ་ཤང་གི་ཏང་ཨུའི་ཧྲུའུ་ཅི་པད་མ་བཟང་མོས་ངོ་སྤྲོད་བྱས་པ་རེད།

  “‘དར་དམར་སྡེ་བའི་སོན་བཟང་གསོ་སྤེལ་རྟེན་གཞི’ནི་ང་ཚོའི་སྡེ་བའི‘ནོར་གཞོང’ཡིན་པས‘ནོར་བུ’ལྟ་བུའི་ནོར་ལུག་དེ་དག་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། ད་ལོའི་དགུན་ཁ་མ་སླེབས་གོང་ཕྱུགས་རིགས་སྟོང་ཕྲག་ཚུད་ཐུབ་པའི་དྲོད་ཁང་ལས་ཟིན་པ་མ་ཟད། གཟན་རྩྭ་དང་གཟན་ཆག་ཏུན་བཅུ་ཕྲག་ཁ་ཤས་གསོག་འཇོག་བྱས་ཡོད། དེ་དང་ཆབས་ཅིག་ད་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་གཟན་རྩྭ་གསོག་འཇོག་དང་རྩྭ་ཐང་གི་གནོན་ཤུགས་ཆུང་དུ་བཏང་ནས་འབྲོག་པ་ཚོའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད། ཟླ11པའི་ཟླ་མགོར་ང་ཚོས་འབྲི་གཡག25བཤས་རར་བཏང་བ་དང་། ལུག350ལྷག་ཙམ་བཤས་རར་བཏང་སྟེ་སྡེ་བ་ཡོངས་ལ་ཁེ་སྤོགས་སྒོར་ཁྲི49ལྷག་ཙམ་བགོས་པ་དང་འབྲེལ་སྒོར་ཁྲི20བཏང་ནས་སྡེ་མི612ལ་སྨན་བཅོས་འགན་བཅོལ་ཉོས་པར་གཅིག་གོ་གཉིས་ཆོད་བྱུང་ཡོད།” དར་དམར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས་དགའ་ཚོར་ཆེན་པོས“ཕྱུགས་ཀྱིས‘དགུན་དུས་ཤ་ཤེད་ཉམས་པ་དང་དཔྱིད་ཀྱི་དུས་སུ་འཆི་བའི’སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱ་ཆེད། ང་ཚོས་ནུས་ཤུགས་ཡོད་རྒུས‘རྩྭ་རིང་དང་། རྩྭ་ཐུང་། རྩྭ་རྩུབ་པོ། གཟན་ཆག་ཞིབ་ཕྲ་བཅས་སྟེར་བའི’གསོ་ཚགས་བྱེད་སྟངས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ངང་གསོ་ཚགས་བྱས་པས་གཟན་རྩྭ་ཟད་གྲོན་ཉུང་དུ་ཕྱིན་ཡོད”ཅེས་བཤད་པ་རེད།

རྫོང་ཞིང་འབྲོག་ཅུའུ་ཡི་ཅུའུ་ཀྲང་ཧུའེ་ཞའོ་མིང་གིས་ད་ལོར་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་རྩྭ་ཕྱུགས་ཀྱི་འགལ་བ་ཞི་ལྷོད་དུ་གཏོང་ཆེད། ཆུ་དམར་ལེབ་རྫོང་དུ་ཤང་རིམ་པའི་མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་མང་པོ་བསྐྲུན་ནས། ཟླ་བཅུ་པར་ལོ་ལེགས་བྱུང་སྟེ་གཟན་རྩྭ་སྔོ་གཟན་སྙོལ་བའི་ལག་རྩལ་སྤྱད་པ་དང་ད་ཆ་གཟན་རྩྭ་ཏུན3000གྲབས་གསོག་བྱས་པས་རྫོང་ཡོངས་ཀྱི་ཕྱུགས་རིགས་ལ་དགུན་སྒྲོལ་གཟན་རྩྭ་འདང་ངེས་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད། དེ་དང་ཆབས་ཅིག་བཤས་རར་གཏོང་ཚད་ཆེ་རུ་བཏང་ནས་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཆེད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་དང་ལེ་ལག་ཚང་བའི་བཤས་གཏོང་ཁ་གསབ་བཏོན་ནས་སྐབས་དང་པོའི“གཙང་པོའི་འབྱུང་ཁུངས་ཀྱི་ཡུལ་ཤུལ·མཁའ་དབྱིངས་ཀྱི་ཆུ་དམར་ལེབ-ཕྱུགས་རིགས་ཉོ་སྒྲུབ་དུས་ཆེན”གཉེར་བ་དང་། མིག་སྔའི་བར་རིམ་རྩིས་བྱས་ན་འབྲི་གཡག་མགོ་གྲངས་ཁྲི4.2དང་ལུག8000བཤས་རར་བཏང་ནས“རྩྭ་ཕྱུགས་དོ་སྙོམས་དང་འབྲོག་པ་ཕྱུག་འགྱུར”གྱི་བསམ་འདུན་མངོན་འགྱུར་བྱུང་ཡོད།།

རྩོམ་སྒྲིག་པ། : ཕག་གྲུབ།