ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་གྱི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་དཔེ་སྟོན་ཁུལ་ཐོག་མ་འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡིས2022ལོའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་མིང་ཐོ(རྒྱལ་ཡོངས་སུ་བསྡོམས་པས29ཡོད)ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ནས་ཆང་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་དཔེ་ཁུལ་མིང་ཐོ་ཁྲོད་ཚུད་ཡོད་ཅིང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་ལ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོབ་དཔེ་སྟོན་ཁུལ་ཐོག་མ་ཡིན།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་དཔེ་སྟོན་ཁུལ་ནི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡིས་གཏན་ཁེལ་བྱས་པའི་ས་ཁམས་མཚོན་རྟགས་བྱ་ཡུལ་དུ་བྱས་ཏེ། ཞིང་ཆེན་ནང་ཁུལ་དུ་ཐོན་ལས་གཞི་ཁྱོན་ཅུང་ཆེ་ཤིང་། སྤྱི་ཚོགས་དཔལ་འབྱོར་ཕན་འབྲས་མངོན་གསལ་ཡིན་པ། སྲུང་སྐྱོབ་ཆུ་ཚད་ཅུང་མཐོ་བ། སྒྲིག་ལམ་འཐུས་ཚང་དང་ལམ་ལུགས་ཆ་ཚང་ཡིན་པ། དོ་དམ་ཚད་ལྡན། ཐོན་རྫས་ཁྱད་ལྡན་མངོན་གསལ་ཡིན་པ། མིང་གྲགས་ཆེ་བ། ཞིང་ཆེན་ཡོངས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ལ་དཔེ་སྟོན་དང་སྣེ་ཁྲིད། ཁྱབ་གདལ་བྱེད་ནུས་ཐོན་པའི་སྲུང་སྐྱོབ་ཁྱབ་ཁོངས་ཡིན་ཞིང་། འཛུགས་སྐྲུན་དུས་ཡུན་ལོ3ཡིན། ཐེངས་འདིའི་ཧུའུ་ཀྲུའུ་ནས་ཆང་ས་ཁམས་མཚོན་རྟགས་དེ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་མིང་ཐོ་ཁྲོད་བདམས་ཐོན་བྱུང་བ་ནི། ཧུའུ་ཀྲུའུ་ནས་ཆང་ས་ཁམས་མཚོན་རྟགས་ཟོང་རྟགས་འཛུགས་སྐྲུན་གྱི་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡིན་ཞིང་། སྔར་ལས་ལྷག་པར་ཧུའུ་ཀྲུའུ་ནས་ཆང་ཟོང་རྟགས་རིན་ཐང་ཇེ་མཐོར་གཏོང་བ་དང་། ཚོང་རའི་ཤུགས་རྐྱེན་རྒྱ་བསྐྱེད་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་ཐུབ།

མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་དུ་ས་ཁམས་མཚོན་རྟགས་བདེན་དཔང་ཚོང་རྟགས48ཡོད་པ་དང་། ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས15ཡོད། བཀོལ་སྤྱོད་ལ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཆེད་སྤྱོད་མཚོན་རྟགས་ཁེ་ལས62ཡོད། 2021ལོར། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡིས་ཕྱོགས་བསྡུས་ཞིབ་དཔྱད་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི“བོད་རུམ”(མཚོ་སྔོན་ཐོན་ཁུལ)དང་། ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུ་བཅས་ས་ཁམས་མཚོན་རྟགས2རྒྱལ་ཡོངས་ཀྱི་སྐོར་དང་པོའི་ས་ཁམས་མཚོན་རྟགས་བཀོལ་སྤྱོད་སྐུལ་འདེད་གཙོ་གནད་འབྲེལ་གཏུགས་མཛུབ་སྟོན་མིང་ཐོ་ཁྲོད་ཚུད་པ་དང་། ཚྭ་འདམ་གཞུང་འཕང་འབྲས”དང“ཧོང་ཀྲུང་ཡུག་པོ”ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཕན་ཚུན་གཏན་ཁེལ་དང་འགན་སྲུང་གི་མིང་ཐོ་ཁྲོད་ཚུད་པ་རེད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས“ཐོན་ཁུངས་ལེགས་ཆ་ཡོད་པའི་རྣམ་གྲངས་གཅིག་ལ་གཞི་ཚུགས་པ་དང་། ཐོན་ལས་ཕྲེང་འབྲེལ་གཅིག་ལ་དམིགས་ཏེ། ཐོ་འགོད་ཚོང་རྟགས་གཅིག་དམ་འཛིན་བྱེད་པ་དང་། ཁྱད་ལྡན་ཟོང་རྟགས་སྐོར་ཞིག་སྣེ་ཁྲིད་བྱས་ནས། ས་ཕྱོགས་གཅིག་གི་མང་ཚོགས་ལ་ཕྱུག་པོར་གཏོང་བའི”བསམ་ཕྱོགས་ལྟར། གཞི་ཁྱོན་ཅུང་ཆེ་བ་དང་ཕན་འབྲས་ཅུང་ལེགས་པའི་ས་ཁམས་མཚོན་རྟགས་ཐོན་རྫས་གཙོ་གནད་དུ་བཟུང་སྟེ། ཞིང་ཕྱུགས་ལས་ཁྱད་ཆོས་མངོན་གསལ་ཡིན་པའི་ས་ཁུལ་ལ་ཕྱོགས་ནས། དགེ་མཚན་ལྡན་པའི་ཐོན་ལས་ཚོང་རྟགས་གསོ་སྐྱོང་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།