ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གཟན་རྩྭ་ན་ནིང་ལས་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་ཞིབ་སུའོ་ནས་ཤེས་རྟོགས་བྱུང་བར། གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཀྲུང་གོའི་འབྲོག་ཁུལ་ཆེ་བ་ལྔའི་ཡ་གྱལ་མཚོ་སྔོན་ཞིང་ཆེན་དུ་ད་ལོར་ཆུ་དྲོད་མི་སྙོམས་པའི་རྐྱེན་གྱིས་ས་ཁུལ་མང་ཆེ་བའི་གཟན་རྩྭའི་ཐོན་ཚད་ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན་འདྲ་མཚུངས་སམ་ཡང་ན་ཇེ་ཉུང་དུ་སོང་ཡོད། དེའི་ནང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཡུས་ཧྲུའུ་ཁུལ་དང་། རྨ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་སུ་ཇེ་ཉུང་དུ་ཕྱིན་པ་མངོན་གསལ་ཡིན་ལ། སོ་སོའི་གཟན་རྩྭའི་རྒྱ་ཁྱོན་ཇེ་ཉུང་དུ་ཕྱིན་ཚད་སྲིད་འཛིན་ཁུལ་གྱི་རྩྭ་རའི་སྤྱིའི་རྒྱ་ཁྱོན་གྱི45%ལས་བརྒལ་ཡོད།

图为果洛州久治县夏季牧场。(资料图) 孙睿 摄

པར་འདི་ནི་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་དབྱར་ས་རེད།

གཙང་གསུམ་འབྱུང་ཡུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་འདི་ཉིད“འཛམ་གླིང་གི་སྣེ་གསུམ་པའི”མཚོ་བོད་ས་མཐོར་གནས་ཤིང་། ཀྲུང་གོའི་འབྲོག་ཁུལ་ཆེ་བ་ལྔའི་ཡ་གྱལ་ཡིན། 96%གི་ས་ཁོངས་ནི་རྩྭ་ར་དང་འབྲོག་ས་ཡིན་པ་དང་། རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་མུའུ་དུང་ཕྱུར5.47ཟིན། བེད་སྤྱོད་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར4.74ཟིན་པས་འབྲོག་ལས་འཕེལ་རྒྱས་ཐད་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན།

EOS/MODISསྲུང་སྐར་གྲངས་གཞིའི་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། 2022ལོའི་སྐྱེ་དངོས་སྐྱེ་འཚར་དུས་ཚིགས་སུ་མཚོ་སྔོན་ཞིང་ཆེན་གྱི་རྩྭ་རའི་གཟན་རྩྭའི་ཐོན་ཚད་ཤར་ལྷོར་མཐོ་ཞིང་ནུབ་བྱང་དུ་དམའ་བའི་རྣམ་པ་མངོན། གཟན་རྩྭའི་ཐོན་ཚད་ཅུང་མཐོ་བའི་ས་ཁོངས་ནི་གཙོ་བོ་མཚོ་བྱང་ཁུལ་ཡི་བྱང་རྒྱུད་དང་། རྨ་ལྷོ་ཁུལ་གྱི་དབུས་ལྷོ་རྒྱུད། མགོ་ལོག་ཁུལ་གྱི་ཤར་རྒྱུད་བཅས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁྱབ་ཡོད།

2022ལོར་མཚོ་སྔོན་ཞིང་ཆེན་གྱི་རྩྭ་རའི་གཟན་རྩྭའི་ཐོན་ཚད་ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན། ས་ཁུལ་མང་ཆེ་བར་དོ་མཉམ་པའམ་ཡང་ན་ཇེ་ཉུང་དུ་ཕྱིན་ཡོད། ཇེ་ཉུང་དུ་ཕྱིན་པའི་ས་ཆ་གཙོ་བོ་མཚོ་ནུབ་ཁུལ་གྱི་བྱང་ཤར་རྒྱུད་དང་། མཚོ་ཤར་ལྷོ་རྒྱུད། མཚོ་ལྷོ་ཁུལ་གྱི་དབུས་རྒྱུད་དང་དབུས་རྒྱུད། རྨ་ལྷོ་ཁུལ་གྱི་བྱང་རྒྱུད་དང་དབུས་རྒྱུད། མགོ་ལོག་ཁུལ་གྱི་ནུབ་རྒྱུད་དང་དབུས་རྒྱུད་དང་ལྷོ་རྒྱུད། ཡུས་ཧྲུའུ་ཁུལ་གྱི་ཤར་ལྷོའི་རྒྱུད་བཅས་སུ་ཁྱབ་ཡོད་ཅིང་། དེའི་ནང་ས་ཁུལ་ཁག་གཅིག་གི་གཟན་རྩྭའི་ཐོན་ཚད30%ཡན་མར་ཆག་ཡོད་པ་དེའི་ནང་། གཙང་གསུམ་འབྱུང་ཡུལ་གྱི་དབུས་རྒྱུད་མགོ་ལོག་ཁུལ་གྱི་གཟན་རྩྭའི་ཐོན་ཚད་ཇེ་ཉུང་དུ་ཕྱིན་ཚད་ཀྱིས་སྲིད་འཛིན་ཁུལ་གྱི་རྩྭ་རའི་སྤྱིའི་རྒྱ་ཁྱོན་གྱི50%ཡན་ཟིན་ཡོད། ཉེ་བའི་ལོ་བཅུའི་རིང(2012ལོ་ནས2021ལོའི་བར)གི་ཆ་སྙོམས་གྲངས་དང་བསྡུར་ན། མཚོ་སྔོན་ཞིང་ཆེན་གྱི་རྩྭ་རའི་གཟན་རྩྭའི་ཐོན་ཚད་སྤྱིའི་ཆ་ནས་དོ་མཉམ་པས་གཙོ་བོར་ཟིན་ལ། ཐོན་འབབ་མར་ཆག་པའི་ས་ཁོངས་གཙོ་བོ་མཚོ་ཤར་ལྷོ་རྒྱུད་དང་། མཚོ་ལྷོ་ཁུལ་གྱི་ས་ཆ་མང་ཆེ་བ། རྨ་ལྷོ་ཁུལ་གྱི་བྱང་རྒྱུད།  ཡུས་ཧྲུའུ་ཁུལ་གྱི་ལྷོ་རྒྱུད་ས་ཁུལ་བཅས་སུ་ཁྱབ་སྟེ། ས་ཁུལ་ཁག་ཅིག་གི་ཐོན་ཚད30%ཡན་ཇེ་ཉུང་དུ་ཕྱིན་ཡོད། མདོར་ན2022ལོར་མཚོ་སྔོན་ཞིང་ཆེན་གྱི་རྩྭ་རའི་གཟན་རྩྭའི་ཐོན་ཚད་ལ་ཕྱོགས་བསྡུས་ཚོད་དཔག་བྱས་ན“དོ་མཉམ་ཡང་ཅུང་ཞན་པ”གྱུར་ཡོད།

“2022ལོར་སྐྱེ་འཚར་དུས་ཚིགས་སུ་ཆུ་དྲོད་དོ་སྙོམས་མིན་ཅིང་། རྩྭ་རའི་སྔོ་སྐྱེ་བའི་སྐབས་སུ། ཤུགས་རྐྱེན་ཐེབས་རྒྱ་ཆེ་ལ་དུས་ཡུན་རིང་བ། ཐལ་དྲགས་རང་བཞིན་ཆེ་བའི་གནམ་གཤིས་ཚ་མོ་ཐེངས་གཉིས་བྱུང་། ས་ཁུལ་ཁག་ཅིག་གི་སྔོ་ཁེབས་ལ་ཐན་སྐྱོན་གྱི་ཤུགས་རྐྱེན་ཕོག་པས། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་རྩྭ་རའི་གཟན་རྩྭའི་ཐོན་ཚད་དེ་ལོ་སྔོན་མའི་དུས་མཚུངས་ལས་དོ་མཉམ་པམ་ཡང་ན་ཇེ་ཉུང་དུ་ཕྱིན། དེའི་ནང་གཙང་གསུམ་འབྱུང་ཡུལ་ས་ཁུལ་ཡུས་ཧྲུའུ་ཁུལ་དང་། རྨ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཐོན་འབབ་ཇེ་ཉུང་དུ་ཕྱིན་ཚད་མངོན་གསལ་ཡིན་ལ། རྒྱ་ཁྱོན་ཚང་མ་སྲིད་འཛིན་ཁུལ་གྱི་རྩྭ་རའི་སྤྱིའི་རྒྱ་ཁྱོན་གྱི45%ལས་བརྒལ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་ཞིབ་ཁང་གི་གནམ་གཤིས་ཆེད་མཁས་པས་དབྱེ་ཞིབ་བྱེད་སྐབས་འདི་ལྟར་བཤད། 

གཞན་ཡང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར། ད་ལོའི་དགུན་སྟོད་དུ(2022ལོའི་ཟླ11པ་ནས་ཟླ12པའི་བར)མཚོ་སྔོན་ཞིང་ཆེན་གྱི་དྲོད་ཚད་བྱང་དམའ་ལྷོ་མཐོ་དང་། ཆར་ཆུ་ཤར་མང་ནུབ་ཉུང་། མདོ་ལ་རི་བོའི་དབུས་ནུབ་མཚམས་དང་གཙང་གསུམ་འབྱུང་ཡུལ་ས་ཁུལ་ཁག་ཅིག་ཏུ་གངས་སྐྱོན་འབྲིང་བ་ནས་ཆེ་བའི་བར་ཐོན་སྲིད། དགུན་སྨད་དུ(2023ལོའི་ཟླ1ནས2པའི་བར)མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་གནམ་གཤིས་དྲོད་ཚད་ཅུང་མཐོ་བ་དང་། བྱང་ཤར་རྒྱུད་དུ་ཆར་ཆུ་མང་། མདོ་ལ་རི་བོའི་ས་ཁུལ་དང་གཙང་གསུམ་འབྱུང་ཡུལ་ས་ཁུལ་ཁག་ཅིག་ཏུ་གངས་སྐྱོན་ཆུང་བ་ནས་འབྲིང་བའི་བར་ཐོན་སྲིད།

དེར་བརྟེན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའི་ཡི་གནམ་གཤིས་ཆེད་མཁས་པས་འབྲེལ་ཡོད་ལས་ཁུངས་ལ་སྔ་མོ་ནས་གཟན་ཆས་གསོག་འཇོག་དང་། ལྷག་པར་དུ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་གནས་བའི་ཡུས་ཧྲུའུ་ཁུལ་དང་། རྨ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་རྩྭ་རའི་གཟན་རྩྭའི་ཐོན་ཚད་ན་ནིང་དང་བསྡུར་ན་མངོན་གསལ་གྱིས་ཉུང་པའི་ས་ཁུལ་གྱིས། གཟན་རྩྭ་ཐོན་ཚད་དང་ས་གནས་རང་གི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་སྔོན་ནས་གཟན་རྩྭ་གསོག་འདྲེན་དང་གསོག་འཇོག་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཕྱུགས་རིགས་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ད་དུང་ས་གནས་ཁག་གིས་ལྷས་རྭ་བརྟན་གཏོང་དང་ཉམས་གསོ་ཡག་པོ་བྱས་ཏེ་གནོད་འགོག་ཕྱུགས་སྲུང་གི་ནུས་པ་ཆེ་རུ་བཏང་ནས་གངས་སྐྱོན་དང་དུས་མཚམས་རང་བཞིན་གྱི་གངས་སྐྱོན་གྱིས་ཕྱུགས་རིགས་དགུན་སྒྲོལ་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པའི་སྔོན་འགོག་བྱེད་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།