ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧུང་ཡ་ཡིས་མཚོ་ལྷོ་དང་མཚོ་བྱང་ཁུལ་གྱི་བདེ་སྲུང་གཏན་འཇགས་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས10ཉིན། མཚོ་སྔོན་ཞིམ་ཆེན་གྱི་ཧྲིན་ཀྲང་གཞོན་པའམ། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡ་སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གི་སྤྱི་བདེའི་གཞི་རིམ་དང་། མཚོ་སྔོན་ཧྭ་ཐེ་ལི་ཆིང་ཚད་ཡོད་ཀུང་སིར་སོང་ནས་ཡུལ་དངོས་ནས་ལྟ་ཞིབ་བྱེད་པ་དང་ཡིག་ཆ་ལྟ་ཀློག་བྱེད་པ། སྙན་ཞུར་ཉན་པ། ཉེན་རྟོག་ལས་རོགས་པར་འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། གཏན་འཇགས་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་སོགས་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད། འབྲེལ་ཡོད་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་ནན་འཛིན་བྱས།

ལི་ཧུང་ཡ་ཡིས་ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་སྲུང་གཏན་འཇགས་བྱ་བའི་གཙོ་ཐིག་ལ་དམ་དུ་དམིགས་ནས། ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་པ་དང་ཉེན་ཁ་སེལ་བ། བདེ་འཇགས་སྲུང་བ། ལས་རིམ་གལ་ཆེན་ཁག་གི་བདེ་སྲུང་ལས་འགན་ཡོངས་འགྲུབ་བྱེད་དགོས། ནམ་ཡང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། ཚད་མཐོའི་བསམ་ཕྱོགས་དང་རྒྱ་བཅད་བསམ་ཕྱོགས་ལ་དོ་སྣང་བྱེད་པ།  གནད་དོན་ཁྲིད་ཕྱོགས་དང་མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གཏན་འཇགས་བྱ་བ་སྲ་བརྟན་དུ་གཏོང་བར་རྒྱུན་མཐུད་ངང་རྣམ་པ་བཟང་པོ་བསྐྲུན་དགོས་ཞེས་བསྟན།

ལི་ཧུང་ཡ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་ཡི་ཇུས་ཆོད་བཀོད་སྒྲིག་ལ་དམ་དུ་དམིགས་ནས། སྐད་ཅིག་ཙམ་ལའང“བློ་བདེ་བག་ཕེབས་སུ་མི་གནས་པའི་འགན་འཁྲིའི་བསམ་པ”དང“ནམ་ཡང་ལྷོད་གཡེང་མི་བྱེད་པའི”འདུ་ཤེས་བཟུང་ནས། “གཅིག་ཀྱང་མི་འཕྱུགས་པ་དང་གཅིག་འཕྱུགས་ན་ཡོད་ཚད་བརླག་པའི”ཚད་གཞི་དང་ཞིབ་ཆ། སྤུས་དག ལེགས་ཤོས་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་བདེ་འཇགས་ཀྱི“ཚད་མཐའ”བརྟན་སྲུང་བྱེད་པ་དང་། གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི“གཙོ་གནད”དམ་དུ་འཛིན་པ། བདེ་འཇགས་འགོག་སྡོམ་གྱི“དྲ་རྒྱ་ཆེན་པོ”དམ་འཛིན་བྱེད་པ་དང་། མྱུལ་ཞིབ་རྡུང་རྡེག་གི“རལ་གྲི”བེད་སྤྱོད་གང་ལེགས་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བདེ་སྲུང་གཏན་འཇགས་ལ་རྒྱལ་ཁ་ལེན་པའི་དུས་རིམ་རང་བཞིན་གྱི་ལས་འགན་ལ་ནུས་ལྡན་སྒོས་འདེགས་སྐྱོར་བྱེད་དགོས། དེ་དང་ཆབས་ཅིག དངོས་ཡོད་དགོས་མཁོ་དང་བསྟུན་ནས། འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། རྒྱུན་མཐུད་ངང་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་འགུལ་རྣམ་དོ་དམ་ཚོད་འཛིན་ནུས་པ་མཐོར་འདེགས་སུ་གཏོང་བ། ཉམས་མྱོང་བཟང་པོ་འཐུས་ཚང་དུ་བཏང་ནས་རྒྱུན་རྣམ་ཅན་གྱི་ཡུན་ཕན་རྐྱེན་སྲོལ་གྲུབ་ཏུ་བཅུག་སྟེ། ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་བདེ་འཇགས་ཀྱིས་ཕན་ཚུན་ལ་གཞོགས་འདེགས་བཟང་པོ་བྱེད་པ་མངོན་འགྱུར་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།