ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པའི་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་དུ་ཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་ཆུ་དཔོན་མཚོ་དཔོན་མཉམ་འབྲེལ་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་པ་དང་། མཚོ་སྔོན་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་དེ་མིན་ཆུ་བོ་དང་དང་མཚེའུ་དོ་དམ་སྲུང་སྐྱོང་གི་གཙོ་གནད་བྱ་བར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་བ་དང་། ཧྲིན་ཀྲང་ངམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་བྱ་བར་བཀོད་སྒྲིག་གནང་།

ཚོགས་ཐོག་ནས། ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གཏན་ལ་ཕབ་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། བློ་བརྟན་འགྱུར་མེད་སྒོས་གཏན་ཕབ་གཉིས་ལ་བརྩི་བཀུར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་ལེགས་པོར་སྒྲུབ་པའི་ཞིབ་བཤེར་ཚད་ཤིང་ཡིན་པར་མ་ཟད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ནུས་ལྡན་ལག་ལེན་ཡང་ཡིན། ང་ཚོས་བློ་ཐག་རྦད་ཆོད་སྒོས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ལེགས་པོ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཏེ། ནུས་མཐོའི་འཁོར་སྐྱོད་དང་སྲུང་སྐྱོང་སླར་གསོ། ནུས་ལྡན་འགོག་སྡོམ། ལམ་སྲོལ་འཐུས་ཚང་། གནོད་འགོག་རྒུད་སྐྱོབ་བཅས་ཀྱི་ཐད་ལ་རྒྱུན་མཐུད་སྒོས་ཤུགས་འདོན་པ་དང་། མཚོ་སྔོན་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་བྱ་བ་དེ་མིང་ཡོད་འགན་ཡོད་ནས་ནུས་ཡོད་ཕན་ཡོད་དུ་བསྒྱུར་བ་དང་། ཆུ་བོ་དང་མཚེའུ་ལ་བཅོས་སྐྱོང་སྲུང་སྐྱོང་བྱེད་པ་དེ་ཐུན་མོང་གིས་བཅོས་སྐྱོང་བྱེད་པ་ནས་ཚད་ལྡན་སྒོས་དག་ཐེར་བཅོས་སྐྱོང་བྱེད་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མཉམ་དུ་སྲུང་སྐྱོང་ཆེན་པོ་དམ་འཛིན་བྱེད་པ་དང་མཐུན་སྦྱོར་སྒོས་བཅོས་སྐྱོང་ཆེན་པོར་སྐུལ་འདེད་གཏོང་དགོས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དང་ལེན་ལེགས་པོ་བྱེད་པ་དང་། ཆུ་དཔོན་མཚོ་དཔོན་ལམ་ལུགས་ལག་བསྟར་བྱས་ནས་ཕན་འབྲས་ཆེན་པོ་ཐོབ་པའི་བླང་བྱར་དམིགས་ནས། ཆུའི་སྐྱེ་ཁམས་ཁོར་ཡུག་མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་རྣམ་པ་མྱུར་དུ་ཆགས་པར་བྱེད་པ་དང་། ཆུ་བོ་དང་མཚེའུ་ཡི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ། ཆུ་བོ་དང་མཚེའུ་ཡི་ནུས་པ་ཡུན་རིང་ལ་བཀོལ་སྤྱོད་བྱེད་པ་མངོན་འགྱུར་བྱེད་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གསར་དུ་བདམས་པའི་ཆུ་དཔོན་མཚོ་དཔོན་གྱིས་བྱ་བ་མྱུར་དུ་ཡང་དག་པའི་བགྲོད་ལམ་དུ་ཞུགས་པར་འགན་སྲུང་བྱེད་པ་དང་། འགན་ཡོད་ལས་ཁུངས་ཀྱིས་ནན་ཏན་སྒོས་དོ་དམ་བྱེད་པ་དང་སྤོབས་པ་ཆེན་པོས་དོ་དམ་ལེགས་པོ་བྱེད་པ། ཞན་ཆ་དང་མི་འདང་ས་མྱུར་དུ་ཁ་གསབ་བྱེད་པ། ཆུ་བོ་དང་མཚེའུ་ལྟ་ཞིབ་ཚད་ལེན་མ་ལག་ཆ་ཚང་དུ་གཏོང་བ། ཆུ་བོ་དང་མཚེའུ་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་པ། ཡུལ་ཚོ་དང་སྡེ་བའི་འཚོ་བའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་དང་འཚོ་བའི་གད་སྙིགས་བསྡུ་ལེན་སྐྱེལ་འདྲེན་ཐག་གཅོད་མ་ལག་འཛུགས་སྐྲུན་འོས་འཚམ་སྒོས་ཐག་གཅོད་ལེགས་པོ་བྱས་ནས། ཧུར་ཐག་སྒོས་གད་སྙིགས་ཇེ་ཉུང་དུ་གཏོང་བའི་བྱ་བ་ཡག་པོར་བསྒྲུབ་དགོས། ལྟ་སྐུལ་མཛུབ་སྟོན་དཔྱད་ཞིབ་ལ་ཤུགས་སྣོན་པ་དང་། ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་གྱིས་སྔོན་ཐོན་བརྩོན་པར་སྐུལ་བའི་བཀོད་སྒྲིག་བླང་བྱ་དངོས་འབེབས་ལེགས་པོ་བྱས་ཏེ། དྲང་ཕྱོགས་ལ་སྐུལ་ལྕག་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།  དཔྱད་ཞིབ་མཇུག་འབྲས་འཁོར་སྐྱོད་ནུས་པ་ཇེ་ཆེར་གཏོང་བ། ཆུ་བོའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཚོགས་འདུ་ནི་བརྙན་ལམ་ནས་བསྡུས་པ་དང་། ཞིང་ཆེན་མགོ་ཁྲིད་ཁྲིན་རུའེ་ཧྥིན་དང་ཝང་ཝེ་ཏུང་། ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ཀྲུའུ་ཞང་ཧྥིན་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོར་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་དེ་མིན་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་མཉན་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ་གྱི་སྤྱིའི་ཆུ་དཔོན་མཚོ་དཔོན་གྱིས་ཚོགས་འདུར་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས་ཤིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཞིང་ཆེན་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགན་འཁུར་བློ་མཐུན་གཙོ་བོས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། གྲོང་ཁྱེར་དང་ཁུལ་གཞན་དག་དང་ཁོངས་གཏོགས་ལས་ཁུངས་ཀྱིས་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་དང་བརྗེ་རེས་གཏམ་བཤད་ཀྱི་རྒྱུ་ཆ་སྤྲད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།