ཀྲུང་གོ་བོད་ཀྱི་དྲ་བ།

“ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོང་ལེགས་པོ་བྱེད་པ་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་གི་འགན་འཁྲི་ཡིན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་བོད་མཐོ་སྒང་། འཛམ་གླིང་གི་སྣེ་གསུམ་པ།

དེ་རུ་རི་མཐོ་པོ་ཀྲོང་ངེར་ལང་བ་དང་གངས་རི་ཡང་མུ་འབྲེལ་ཆགས་ཡོད། དེའི་གྲོག་རོང་གཏིང་ཟབ་པ་དང་གཡང་གཟར་པས་བརྗིད་ཆགས་ཤིང་ཡིད་དུ་འོང་བ་ཞིག་ཡིན། བརླན་ས་རྒྱ་ཆེ་ལ་གཙང་པོ་དང་མཚེའུ་འཕྲེད་གཞུང་སྣོལ་མར་གནས་ཡོད་པས། གནས་དེ་རུ་ལྟ་ན་སྡུག་པའི་གྲོག་རོང་གི་ཡུལ་ལྗོངས་མང་པོ་ཆགས་ཡོད།

འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་གྱི་ཆུ་མགོ་དེ་ནས་བཟུང་ལང་ལོང་དུ་རྒྱུག་བཞིན་ཡོད། འབུར་དུ་དོད་པའི་ས་བབ་མཐོ་པོ་དེ་ནི“ཀྲུང་ཧྭའི་ཆུ་ལྕོག”ཏུ་འབོད་པའི་གཙང་གསུམ་འབྱུང་ཡུལ་ཡིན།

༡.jpg

འདི་ནི2021ལོའི་ཟླ10བའི་ཚེས20ཉིན་པར་བླངས་བའི་མཚོ་སྐྱ་རེངས་ཀྱི་ཟུར་ཞིག་ཡིན།

སྔོན་ཆད་གནམ་གཤིས་འགྱུར་ལྡོག་བྱུང་བ་དང་མིས་བྱེད་སྒོ་སྤེལ་བའི་དབང་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བ་དང་མཚེའུ་འབོར་ཆེན་མེད་པར་གྱུར་སྟབས་རི་སྐྱེས་སྲོག་ཆགས་ཇེ་ཉུང་དུ་གྱུར་ཡོད། ད་ལྟ་གཙང་གསུམ་འབྱུང་ཡུལ་ནི་འཛམ་གླིང་སྟེང་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུས་ཆེ་བའི་ས་ཁུལ་གྱི་ནང་གསེས་ཡིན་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་མངོན་པར་མཚོན་པའི་ལྗང་མདོག་གི་སྐར་ཁུང་དུ་གྱུར་ཡོད།

མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱུང་བ།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཁོངས་ཀྱི་ཡག་གི་གཙང་ལེ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོའི་ཆུ་མགོ་རེད། ད་ལྟ་ཡག་གི་གཙང་ལེ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྐོར་དང་པོའི་གྲས་ཤིག་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆ་ཤས་ཤིག་ཏུ་གྱུར་ཡོད།

2021ལོའི་ཟླ10བའི་ཚེས12ཉིན་དངོས་སུ་བཙུགས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྨ་ཆུ་དང་འབྲི་ཆུའི་ཆུ་མགོ དེ་མིན་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁུལ་གལ་ཆེན་ཚང་མ་བཅུག་ནས། རང་བྱུང་སྐྱེ་ཁམས་མ་ལག་ལ་མ་ལག་རང་བཞིན་དང་གདོད་མའི་རང་བཞིན། ཆ་ཚང་རང་བཞིན་བཅས་ཀྱི་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆ་སྙོམས་ས་བབ་སྨི4712ཟིན་པ་དང་། གནས་དེ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས། ཆུ་ཕྲན་མང་པོ་རྔམ་བརྗིད་ལྡན་པའི་ངང་རྒྱ་མཚོར་བཞུར་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། གཙང་གསུམ་འབྱུང་ཡུལ་གྱིས་ལོ་རེར་ཆུ་བོའི་སྨད་རྒྱུད་དུ་ཆུ་འདྲེན་ཚད་ཇེ་མང་དུ་འགྲོ་བཞིན་ཡོད།

༢.jpg

འདི་ནི2022ལོའི་ཟླ7པའི་ཚེས2ཉིན་ཁྲུང་ཁྲུང་སྐེ་ནག་གཉིས་རང་བྱུང་སྲུང་སྐྱོང་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་པའི་ཚུལ་ཡིན།

འབྲོག་པ་ཚེ་རིང་དོན་འགྲུབ་ཀྱི་ཁྱིམ་ནི་གཙང་གསུམ་འབྱུང་ཡུལ་གྱི་དབུས་སུ་གནས་པའི་མཚོ་སྔོན་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་མཚོ་བཟང་སྡེ་བ་རུ་ཡོད་པ་དང་། 2018ལོར་ཁོང་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་གྱུར། སྲུང་སྐྱོང་ཁུལ་དེ1984ལོར་སྐྲུན་པ་དང་ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་དང་དེའི་རྒྱུད་འཕེལ་བྱ་ཡུལ་གཙོ་བོའི་རང་བྱུང་སྲུང་སྐྱོང་ཁུལ་དང་པོ་ཡིན། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས5དེ་གར་འཚོ་གནས་བྱེད་བཞིན་ཡོད།

དབྱར་དུས་སྐོར་སྲུང་བྱེད་སྐབས་ཚེ་རིང་དོན་འགྲུབ་རྒྱུན་དུ་ཆུ་བོ་བརྒལ་དགོས་པ་དང་། དགུན་དུས་གྲང་ངར་ཆེ་བའི་ཕྱི་རོལ་གྱི་ལས་སྒྲུབ་བྱེད་སྐབས་ཁོང་གིས་དྲོད་ཚད་དམའ་བ་དང་ཁ་བ་བུ་ཡུག་གི་གནམ་གཤིས་ལ་གཏོད་གཏད་དེ། མཐོ་སྒང་གི་སྨུག་ཕྱིའི་ཐིག་གིས་ཁོའི་གདོང་ལ་རྟགས་བརྒྱབ་ཡོད།

༣.jpg

འདི་ནི2022ལོའི་ཟླ7པའི16ཉིན་པར་བླངས་བའི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་ཡིན།

ད་ལྟ་མཚོ་བཟང་གྲོང་ཚོའི་འབྲོག་པ་སྔར་ལས་མང་བ་ཚེ་རིང་དོན་འགྲུབ་དང་འདྲ་བར་སྐྱེ་ཁམས་བདག་སྐྱོང་བར་གྱུར་ནས་སེམས་ནུས་ཡོད་རྒུས་རྐང་འོག་གི་ས་ཞིང་སྲུང་སྐྱོང་བྱེད་བཞིན་འདུག

པ་སངས་ཚེ་རིང་ནི་སྲུང་སྐྱོང་ཁུལ་དེའི་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་ཡིན། ལོ་བཅུའི་རིང་ཁོང་གིས་ཐེངས་གྲངས་ལས་འདས་པའི“རོང་པོ་མཚེའུ”ཞེས་པའི་རིང་ཚད་རྐང་པས་འཇལ་ནས། སྲུང་སྐྱོང་ཁུལ་གྱི་གྲངས་འཛིན་ཅན་གྱི་སྲུང་སྐྱོང་ལོ་རྒྱུས་ཀྱི་བདེན་དཔང་བྱེད་བཞིན་ཡོད།

ཐོག་མར་རྒྱང་ཤེལ་གཅིག་ལས་མེད་པ་ནས་སྐབས་ཐོག་ཏུ་ཆུ་བྱ་འཚོ་སྡོད་ཚང་མར་ཁྱབ་པའི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ལས་སྟེགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བར་དང་། ལས་བཟོ་བ5ཙམ་གྱིས་མཚོ་སྐོར་སྲུང་བྱེད་པ་ནས་མཚོ་སྔོན་དུ་འདམ་རའི་བདག་སྐྱོང་བའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་བར། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནས་གྲངས་འཛིན་ཅན་གྱི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པའི་བར། ད་ཆ་རང་བྱུང་སྲུང་སྐྱོང་ཁུལ་དེར་ད་དུང་རང་བྱུང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་ཁང་དང་། བྱ་རིགས་མྱུར་སྐྱོབ་ཁང་། བྱ་རིགས་ལྟ་སྲུང་ཁང་། ཆུ་བྱ་ལྟ་ཞིབ་ཚད་ལེན་ལྟེ་གནས་སོགས་ཁོར་ཡུག་སློབ་གསོའི་རྟེན་གཞི་སྐྲུན་ཡོད།

ཆིན་ཧྭ་སློབ་ཆེན་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་རུའེ་ཡིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་ནི་རྒྱལ་ཁབ་སྤྱི་གླིང་གི་བཀྲག་མདངས་འཚེར་ས་ཞིག་ཡིན་པ་དང་། སའི་གོ་ལའི་སྐྱེ་དངོས་དང་རིག་གནས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་གི་ཉམས་ཉེན་ཞི་ལྷོད་དུ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད།

རྨ་ཆུའི་འབྱུང་ཡུལ་དུ“མཚེའུ་སྟོང་གི་མཛེས་ལྗོངས”སླར་ཡང་མངོན་པ།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་རྨ་ཆུའི་ཆུ་འགོའི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་སུ་སྐྱོད་ནས་བྱེ་རྡོ་ལམ་ཞིག་གི་སྣེ་ཁྲིད་དེ་མདུན་དུ་བསྐྱོད་པས། ལམ་གྱི་གཡས་གཡོན་གཉིས་སུ་མིག་རྒྱང་རིང་པོས་བསྐྱོད་པ་དེ་ནི་མུ་མཐའ་མེད་པའི་རྩྭ་ཐང་ཡིན། ལམ་གྱི་གཞོགས་གཉིས་སུ་རྐྱང་མཆོང་རྒྱུག་བྱེད་བཞིན། རྐྱང་ཁྱུ་དང་ཁྲུང་ཁྲུང་མགོ་ཁྲ་རྩྭ་ཐང་སྟེང་བག་ཕེབས་པའི་ངང་ཟས་འཚོལ་བཞིན་ཡོད། ཁོ་ཚོའི་གཟུགས་བརྙན་དང་རྒྱང་ཐག་རིང་བའི་རི་དང་ཆུ་བོ། རྩྭ་ཐང་བཅས་སུ་མཛེས་ཤིང་ཡིད་དུ་འོང་བའི་རི་མོ་ཞིག་གྲུབ་ཡོད།

༤.jpg

འདི་ནི2021ལོའི་ཟླ5བའི་ཚེས25ཉིན་པར་བླངས་བའི་མཚོ་སྐྱ་རེངས་ཡིན།

རྨ་སྟོད་རྫོང་ཁོངས་སུ་གནས་པའི་རྨ་ཆུའི་ཆུ་མགོ་གླིང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་འཕོ་འགྱུར་གྱི་བསྡུས་རིས་ཤིག་ཡིན། སྔོན་ཆད་འབྲོག་ལས་གཙོ་བོར་བྱེད་པའི་རྨ་སྟོད་རྫོང་ལ“རྫོང་ཕྱུག་ཤོས”ཞེས་བརྗོད་བཞིན་ཡོད་པ་དང་ས་གནས་དེའི་སྡོད་དམངས་ཁྱིམ་ཚང་རེར་ནོར་ལུག་བརྒྱ་ཕྲག་རེ་ཡོད།

དུས་རབས20པའི་ལོ་རབས80པའི་དུས་མཇུག་ནས་དུས་རབས21པའི་དུས་མགོའི་བར། གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་སྟབས། གཙང་གསུམ་འབྱུང་ཡུལ་འཁྱག་རོམ་དང་གངས་རི་ཇེ་ཉུང་དུ་ཕྱིན་པ་དང་། རྨ་སྟོད་རྫོང་གི་འདམ་རའི་མཚོ་དང་མཚེའུ་ཇེ་ཉུང་དུ་ཕྱིན་པ། རྩྭ་ཐང་གི་སྔོ་ཁེབས་ཇེ་ཞན་དུ་འགྱུར་བ། ཆུ་ཁུངས་གསོ་འཁྱོངས་ནུས་པ་ཆེས་ཆེར་ཕྱིན་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་འཇིགས་སྐུལ་ཕོག་པ་བཅས་ལས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་ཡོད། ཐ་ན2003ལོ་ནས2004ལོའི་བར་རྨ་ཆུའི་ཆུ་འགོའི་ས་ཁོངས་སུ་སྐབས་ཤིག་རིང་ཆུ་རྒྱུན་ཆད་པ་དང་སྐྱེ་ཁམས་ལ་གནོད་འཚེ་ཆེན་པོ་བྱུང་ཡོད།

ས་གནས་དེའི་སྐྱེ་ཁམས་སླར་གསོ་བྱ་ཆེད། སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྐྱེ་ཁམས་གནས་སྤོར་བཟོ་འགོད་ལག་བསྟར་བྱས་ནས། འབྲོག་པ་རྨ་ཆུའི་ཆུ་མགོའི་ཁུལ་ནས་གནས་སྤོར་ཏེ་ཕྱུགས་རིགས་མགོ་གྲངས་ཇེ་ཉུང་དུ་གཏོང་བ་དང་འབྲོག་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་བ་རེད།

2016ལོར། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་ཐོག་མས་གཙང་གསུམ་འབྱུང་ཡུལ་རྒྱབ་ཁབ་སྤྱི་གླིང་ལ་ཚོད་ལྟ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལམ་ལུགས་ཀྱི་ཇུས་གཞི་འཚོལ་ཞིབ་བྱེད་མགོ་བརྩམས་པ་དང་། རྨ་སྟོད་རྫོང་དེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་གླིང་ཁུལ་དུ་ཚུད་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུང་ལི་ཅུན་གྱིས་རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར220ལྷག་བཏང་སྟེ་གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་དང་པོ་དང་དུས་རིམ་གཉིས་པའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལས་གཞི་སྤེལ་བ་དང་། གཙང་གསུང་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་གསོ་འཁྱོངས་བྱེད་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར་ཟེར།

1211682845_16625167921981n.jpg

འདི་ནི2018ལོའི་ཟླ12པའི་ཚེས2ཉིན་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཀྱི་ཁོར་སྲུང་དོ་དམ་པས་གད་སྙིགས་འཐུ་བཞིན་པའི་ཚུལ་རེད།

ད་ལྟ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས“ཁྱིམ་ཚང་རེར་ལས་རྐང་རེ”མངོན་འགྱུར་བྱས་ཏེ། འབྲོག་པ་ཁྲི2ལྷག་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་གྱུར་ལ། སྲིད་གཞུང་གིས་ལོ་རེར་ཁོང་ཚོར་མ་དངུལ་སྒོར་ཁྲི2.16ཡི་ཁ་གསབ་མ་དངུལ་རྩིས་སྤྲོད་བྱེད་བཞིན་ཡོད།

མིག་སྔར་རྨ་སྟོད་རྫོང་ཁོ་ནའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་མི་གྲངས་ཁྲི3042ལ་སླེབས་པ་དང་། མི་རེ་རེ་ཡིས་འགན་འཁུར་ནས་དོ་དམ་སྲུང་སྐྱོང་བྱེད་པའི་གཞི་ཁྱོན་མུའུ་ཁྲི1.2ལ་སླེབས་ཡོད།

ཉེ་བའི་ལོ16གི་རིང་། རྨ་ཆུའི་ཆུ་མགོ་ཁུལ་ཁྱབ་ཁོངས་སུ་ཆུ་རྒྱུན་ཆད་པའི་སྣང་ཚུལ་བྱུང་མ་མྱོང་ཞེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྨ་ཆུའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀན་ཞུའེ་པིན་གྱིས་དེ་ལྟར་བཤད། སྐབས་ཤིག་གི་རིང་ལ་མེད་པར་གྱུར་བའི་མཚེའུ་ཡི་རྒྱ་ཁྱོན་སླར་ཡང་ཆེ་རུ་ཕྱིན་པ་དང་། “མཚེའུ་སྟོང་གི་རྫོང”རྨ་སྟོད་ཀྱི་མཚོའི་གྲངས་འབོར་དེ་སྔོན་ཆད་ཀྱི4077ནས་ད་ལྟའི5849བར་ཇེ་མང་དུ་སོང་ནས། བརླན་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ104ཇེ་མང་དུ་ཕྱིན་ཡོད།

“ཀྲུང་ཧྭའི་ཆུ་ལྕོག”སྔར་ལས་འཛོམས་པར་གྱུར་བ།

ཉེ་བའི་ལོ་བཅུའི་རིང་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་རྒྱབ་སྐྱོར་འོག་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་དམར་ཕྱིའི་པར་ཆས800བཙུགས་པ་དང་གསའ་ཡི་གཟུགས་བརྙན་ཁྲི10ཙམ་བསགས་ཡོད་པས། མིག་སྔར་ཉུང་མཐར་ཡང་གསའ400ཡོད་པ་དབྱེ་འབྱེད་བྱས་ཡོད།

པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་སྲུང་སྐྱོང་ཀྲུའུ་རེན་ཀྲའོ་ཞང་གིས་ཚན་ཞིབ་མི་སྣས་རྫ་ཆུའི་རྒྱུག་ཁུལ་དང་དེ་བཞིན་འབྲི་ཆུའི་རྒྱུག་ཁུལ་གྱི་ས་ཆ་མང་པོར་གསའ་དང་གཟིག་ཁྲ་རིས་གཉིས་ཀྱི་བྱི་ལའི་ཚན་གྱི་སྲོག་ཆགས་ཆེ་གྲས་དང་ས་ཁོངས་མཉམ་གནས་ཀྱི་སྣང་ཚུལ་བཀོད་ཡོད། དེས་གནམ་གཤིས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་ལ་ཞིབ་འཇུག་བྱེད་པར་གཞི་གྲངས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

1211682845_16625168225421n.jpg

འདི་ནི2022ལོའི་ཟླ8པའི་ཚེས6ཉིན་པར་བླངས་བའི་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་མོའི་གསའ་ཡིན།

གསོན་ཤུགས་ཀྱིས་ཁེངས་པའི་གཙང་གསུམ་འབྱུང་ཡུལ་གྱིས་འཛམ་གླིང་ལ་སྐྱེ་དངོས་སྣ་མང་ཅན་གྱི་མཛེས་སྡུག་མངོན་པར་བྱས་ཡོད།

ཀརྨ་གཡང་འཕེལ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འབྲི་ཆུའི་གླིང་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཡིན། 2007ལོ་ནས་བཟུང་། ཁོང་གིས་རི་སྐོར་རུ་མི་རྣམས་དང་མཉམ་དུ་མི་མེད་ལུང་སྟོང་དེར་སྲུང་སྐྱོང་བྱེད་བཞིན་ཡོད།

        “གཙང་གསུམ་འབྱུང་ཡུལ”མཚོ་སྔོན་ཞིང་ཆེན་གྱི་ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར900ལས་བརྒལ་བ་དང་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས“ཀྲུང་ཧྭའི་ཆུ་ལྕོག”སྔར་ལས་སྲ་བརྟན་དང་ཕུན་སུམ་ཚོགས་པོར་གྱུར་ཡོད།

ཨ་ཆེན་གངས་རྒྱབ་ཀྱི་མི་རབས་འགའ་མཐོ་སྒང་དུ་གཞི་ཚུགས་ནས་གནོང་འགྱོད་མེད་པའི་ངང་སྲུང་སྐྱོང་བྱས་པ་དང་། གཙོད་མཚོན་བྱེད་དུ་བྱས་པའི་སྲོག་ཆགས་རྩ་ཆེན་དང་དེ་བཞིན་འཚོ་གནས་བྱ་ཡུལ་སྲུང་སྐྱོང་བྱས་ཡོད། ད་ལྟ་ཨ་ཆེན་གངས་རྒྱབ་ཏུ་གཙོད་ཀྱི་གྲངས་འབོར་དུས་རབས20པའི་ལོ་རབས90པ་ཡི་ཁྲི་2ཙམ་ནས་ཁྲི7ལས་བརྒལ་ཡོད།

1211682845_16625168530871n.jpg

འདི་ནི2020ལོའི་ཟླ7པའི་ཚེས7ཉིན་ཨ་ཆེན་གངས་རྒྱབ་ཀྱི་བྲག་ནག་མཚོའི་ས་ཁོངས་སུ་པར་བླངས་པའི་གཙོད་ཁྱུ་ཡིན།

ད་ལྟ་རི་སྐྱེས་སྲོག་ཆགས་ཀྱི་པར་ལེན་པ་སྔར་ལས་མང་པོ་གཙང་གསུམ་འབྱུང་ཡུལ་དུ་ཡོང་ནས་པར་ཆས་ལ་བརྟེན་ནས་གཙང་གསུམ་འབྱུང་ཡུལ་གྱི་འཕོ་འགྱུར་ཐོ་འགོད་བྱེད་བཞིན་ཡོད། གྲོང་ཁྱེར་དུ་འཚོ་བ་སྐྱེལ་བའི་མི་རྣམས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཡོང་ནས་མཛེས་སྡུག་ལྡན་པའི་རི་ཆུ་ཀླུང་གསུམ་མཐོང་རྒྱུ་ཡོད་པ་དང་འདམ་རར་སྐོར་བ་བརྒྱབ་ནས“སྔོ་ལྗང་རི་ཆུ་མི་ཡིས་མ་བརླགས་ན། མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ”ཞེས་པར་བསམ་གཞིགས་བྱེད་བཞིན་ཡོད། 

ལོ་བཅུའི་རིང་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་འཁྱོངས་བྱེད་ཚད་ལོ་རེར་ཆ་སྙོམས6%ཡན་འཕར་བ་དང་། ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་ས་ཆ“ཁུ་བསྡུ་གཉིས”བྱུང་ལ། རྩྭ་ཐང་ཁྱབ་ཚད་དང་རྩྭ་ཐོན་ཚད11%དང30%ཡན་སོ་སོར་འཕར་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།