ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལམ་ཐིག3རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ཡུལ་སྐོར་རྩེ་གྲའི་ལམ་ཐིག་ཁྲོད་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན། རིག་གནས་དང་ཡུལ་སྐོར་པུའུ་སོགས་ཀྱིས“གྲོང་གསེབ་ནི་རྟེན་རྫས་བཤམས་མཛོད་ཁང་ལྟ་བུ་ཡིན་པའི”རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ128བཏོན་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལོ་རྒྱུས་རིག་གནས་རོལ་མྱོང་ཡུལ་སྐོར་དང་། ལོ་ངོ་སྟོང་གི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་རོལ་མྱོང་ཡུལ་སྐོར། “རྨི་ལམ་གྱི་མཚོ་བྱང”གསར་བརྗེའི་རིག་གནས་རོལ་མྱོང་བྱེད་པའི་ཡུལ་སྐོར་བཅས་དེའི་ནང་ཚུད་ཡོད། 

གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལོ་རྒྱུས་རིག་གནས་ཡུལ་སྐོར་ལམ་ཐིག་དེ་ཧོང་ཀྲུང་ཆུའུ་རུ་གསར་གྲོང་རྡལ་ནས་མགོ་བརྩམས་པ་དང་། དེའི་ནང་པད་མའི་མཚེའུ་ཡི་སྤྱི་གླིང་དང་། དབྱང་ཕོ་གྲོང་ཚོའི་པད་ཁའི་མེ་ཏོག་སོགས་ཚུད་ཡོད་ལ། དེས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་རོལ་མྱོང་བྱེད་པའི་ཡུལ་སྐོར་བའི་སྣེ་ཁྲིད་དེ། མུའུ་ཁྲི་ཡི་པད་ཁའི་མེ་ཏོག་གི་ཞིང་ཁམས་སུ་བསྐྱོད་རྒྱུ་རེད། ལོ་ངོ་སྟོང་གི་ལོ་རྒྱུས་དམངས་སྲོལ་རིག་གནས་རོལ་མྱོང་ཡུལ་སྐོར་ཕྱིར་དྲན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་གཙོ་བོར་བྱས་པ་དང་། ལམ་ཐིག་དེའི་ནང་རྨ་ཙོང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། མཚོ་སྔོན་ལིའུ་ཝན་ཚོན་རྫའི་རྟེན་རྫས་བཤམས་མཛོད་ཁང་། ལི་ཏུའུ་རྡོ་རྗེ་འཆང་དགོན་པ་དང་། ལཱ་ཅཱ་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་སོགས་ཚུད་ཡོད་པས། དེས་ཡུལ་སྐོར་བས་མཚོ་སྔོན་གྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་པ་བྱས་ཡོད།

“རྨི་ལམ་གྱི་མཚོ་བྱང་”གསར་བརྗེའི་རིག་གནས་རོལ་མྱོང་གི་ཡུལ་སྐོར་ཟི་ལིང་ནས་མགོ་བརྩམས་ཏེ། ཡུལ་སྐོར་བའི་སྣེ་འཁྲིད་དེ་ཧེ་ཡན་རྫོང་གི་དུས་རབས་ཀྱི་དཔེ་སྟོན་དྲན་གསོ་ཁང་དང་། མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་། ཙུང་ཞིས་ལམ་བཅིངས་འགྲོལ་དམག་གཉིས་པའི་དྲན་གསོའི་གླིང་། མཁར་དམར་གྲོང་རྡལ་མཁར་དམར་གནའ་གྲོང་རྗེས་ཤུལ་སྤྱི་གླིང་སོགས་སུ་སོང་ནས། ཡུལ་སྐོར་བས་གསར་བརྗེའི་རིག་གནས་རོལ་མྱོང་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དུ་བསྐྱོད་རྒྱུ་ཡིན་པ་རེད།

མཚོ་སྔོན་གྱི་ས་ཁུལ་སོ་སོའི་གྲོང་གསེབ་ཀྱི“རི་ཆུ་ནགས་གསུམ་དང་ཞིང་དང་མཚེའུ་རྩྭ་ཐང”བཅས་ལས་གྲུབ་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་ཀྱིས་རི་ལྗང་ཆུ་དྭངས་ལ་སྔར་ལས་ལྷག་པའི་མཛེས་སྡུག་གསར་བ་བསྣན་ཡོད། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཡིའུ་ཙུའེ་ཝན་སྐྱེ་ཁམས་རིག་གནས་མཛེས་ལྗོངས་ཁུལ་དུ་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བས་མཛེས་ལྗོངས་དང་ཁྱད་ལྡན་ཟས་རིགས་ཁྲོད་མཚོ་སྔོན་གྱི་ཡུལ་སྲོལ་གོམས་གཤིས་ལ་རོལ་མྱོང་བྱེད་བཞིན་ཡོད་པ་དང་།  ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤེན་མ་ལུང་བ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་གྲལ་སྒྲིག་ནས་དྲ་གྲགས་རོལ་རྩེད་རྣམ་གྲངས་ཀྱི་ངོ་མཚར་ཆེ་བའི་སྣང་ཚུལ་ལ་རོལ་མྱོང་བྱེད་ཀྱི་ཡོད།

གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱི་ས་གནས་སོ་སོའི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བར་སྣ་མང་ཅན་གྱི་རོལ་མྱོང་མཁོ་འདོན་བྱས་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་དེ་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་དང་། གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ། གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་མཛེས་ལྗོངས་ཁུལ་བཅས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་ཐོག་མའི་རྣམ་པ་ཆགས་ཡོད། ཚ་གཡོལ་སྤྲོ་གསེང་དང་། བདེ་ཐང་ཁམས་གསོ། རི་ཁུལ། རླངས་འཁོར་སྒར་སྡོད། ཞིབ་སྦྱོང་ཡུལ་སྐོར། ཁམས་གསོའི་ཡུལ་སྐོར་སོགས་སྣ་མང་ཅན་གྱི་ཡུལ་སྐོར་ལས་རིགས་གསར་པ་དག་གིས་གྲོང་གསེབ་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།