ཀྲུང་གོ་བོད་ཀྱི་དྲ་བ།

​ཡུས་ཧྲུའུ་ཡིས་འབྲི་གཡག་རྒྱུད་བཟང་གསོ་སྤེལ་ལ་བརྟེན་ནས་འབྲོག་པར་འབབ་འཕར་ཡོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲི་གཡག་གཅིག་སྒོར་ཁྲི6.8འཚོང་བའི་དོན་དེ་ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོའི་གསར་འགྱུར་གསར་པ་ཞིག་ཏུ་གྱུར་ཡོད།

ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་གནས་ཤིང་། དེ་ནི་རྨ་ཆུ་དང་འབྲི་ཆུའི་ཆུ་མགོ་གཙོ་བོ་ཡིན་པས“གཙང་ཆུའི་འབྱུང་ཡུལ་རྫོང་དང་པོ”ཞེས་པའི་བརྗོད་སྲོལ་ཡོད། ས་གནས་དེ་རུ་རང་བྱུང་རྩྭ་ར་གང་སར་ཁྱབ་པ་དང་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་འབྲི་གཡག་དང་བོད་ལུག་གསོ་སྤེལ་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོ་དར་དམར་གྲོང་ཚོའི་འབྲི་གཡག་རྒྱུད་བཟང་གསོ་སྤེལ་དེ“གསེར་གྱི་མིང་བྱང”ཞིག་ཏུ་གྱུར་ནས་ཐེངས་འདིའི་སྒོར་ཁྲི6.8ཀྱི་རིན་གོང་ལ་འཚོང་བའི་འབྲི་གཡག་ཡང་ས་ཆ་དེ་ཡི་ཡིན།

འབྲི་གཡག་གསོ་སྤེལ་ནི་དར་དམར་གྲོང་ཚོའི་གཙོ་རྐང་ཐོན་ལས་ཡིན་ཞིང་། དབྱར་གཞུང་དུ་དར་དམར་གྲོང་ཚོའི་མུ་མཐའ་མེད་པའི་རྩྭ་ཐང་དང་རི་བོ་ལྷག་ཏུ་མཛེས་ལ། ནམ་སྔོན་པོ་དང་སྤྲིན་དཀར་པོ་འོག་ཏུ་བསིལ་རླུང་ལྡང་ཞིང་། འབྲི་གཡག་ཁྱུ་དང་ཁྱུ་བྱས་ནས་དལ་གྱིས་ཟས་འཚོལ་བཞིན་ཡོད་པ་དང་ལུས་ཡོངས་ཀྱི་སྤུ་ཡག་ལ་མདངས་མཛེས་པ། གནས་འདི་ནི་དར་དམར་གྲོང་ཚོའི་ཡུས་ཧྲུའུ་ཡི་འབྲི་གཡག་རྒྱུད་བཟང་གསོ་སྤེལ་རྟེན་གཞི་རེད།

ལོ52ལ་ལོན་པའི་འབྲོག་པ་སྤེན་པས་སྦག་སྦག་བཞོན་ནས་བོད་གཞས་གཏོང་ཞོར་རི་ཁྲོད་དུ་འབྲི་གཡག་ལ་ལྟ་རྟོག་བྱེད་བཞིན་ཡོད་ལ། འབྲི་གཡག་དེ་དག་གླེང་སྐབས་སྤེན་པར་སྤོབས་སེམས་ཆེན་པོ་སྐྱེས་ནས“ན་ནིང་ང་ཚོའི་དར་དམར་གྲོང་ཚོའི་རྒྱུད་སྤེལ་བའི་འབྲི་གཡག་ལ་ཁུལ་ཡོངས་ཀྱི་དཔྱད་བསྡུར་ཁྲོད་ཨང་དང་པོ་ཐོབ་པ་དང་། ད་ལོ་ཡང་རིན་གོང་མཐོན་པོར་འཚོང་པས་འབྲི་གཡག་དེ་དག་ང་ཚོའི་ནོར་བུ་ལྟ་བུར་གྱུར་ཡོད”ཟེར།

སྔོན་ཆད། ས་གནས་ཀྱི་འབྲི་གཡག་གཙོ་བོ་ཁྱིམ་ཚང་གིས་གསོ་སྤེལ་བྱེད་པ་དང་། ཁྱུ་ཚོགས་ཀྱི་གྲངས་འབོར་ཉུང་བའི་ཁར་རྒྱུད་ཁོངས་འདེམས་གསོ་བྱས་མེད་པས། སྤྱིར་ཉེ་རྒྱུད་སྐྱེ་འཕེལ་ཡིན་པས་འབྲི་གཡག་གི་རྒྱུད་པ་ཆུང་བ་དང་། ནད་འགོག་ནུས་པ་ཞན་པ། སྐྱེ་འཚར་འགོར་བ་བཅས་ཀྱི་གནས་ཚུལ་ལྡན་པ་མ་ཟད། “འབྲི་གཡག་བཤས་ཚད་དམའ་བ་དང་། གསོ་སྤེལ་དུས་ཚོད་རིང་བས་རྩྭ་ཐང་ལ་གཏོར་སྐྱོན་ཆེན་པོ་ཕོག་ནས། འབྲི་གཡག་གསོ་སྤེལ་གྱི་ཐོན་ལས་ཤིག་ཆགས་རྒྱུ་ནི་ཤིན་ཏུ་དཀའ”ཞེས་རྒྱལ་ཁབ་བཤས་གླང་དང་འབྲི་གཡག་ཐོན་ལས་ལག་རྩལ་མ་ལག་ཡུས་ཧྲུའུ་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་སུང་རེན་ཏེ་ཡིས་དེ་ལྟར་བཤད།

སུང་རེན་ཏེ་ཡིས་ངོ་སྤྲོད་ལྟར་ན། ཡུས་ཧྲུའུ་ཡི་འབྲི་གཡག་ནི་འབྲོང་གི་བྱ་འགུལ་སྤེལ་ཡུལ་དང་ཉེ་ན། རང་བྱུང་རྒྱུད་འདུས་ཀྱི་ལེགས་ཆ་ལྡན་པ་དང་། སྐམ་ཤའི་ནང་སྤྲི་དཀར་འདུས་ཚད་མཐོ་བ་དང་ཚིལ་འདུས་ཚད་དམའ་བ། ཚིལ་སྐྱུར་འདུས་ཚད་མཐོ་བ། ཤའི་བྲོ་བ་ཞིམ་པ་བཅས་ཡིན།

ཁྱད་དུ་འཕགས་པའི་འབྲོང་འཚོ་སྡོད་བྱ་ཡུལ་གྱི་ཐོན་ཁུངས་སྲུང་བའི་ཆེད། གཡུ་སྐེ་ཡུལ་ཚོས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་རྒྱུད་བཟང་གསོ་སྤེལ་གྱི་རྟེན་གཞི་བཙུགས་ཏེ། འབྲོང་དང་ཁྱིམ་གསོའི་འབྲི་མས་རིགས་རྒྱུད་སྤེལ་རྒྱུར་སྐུལ་འདེད་བཏང་ནས་འབྲི་གཡག་གི་ཁྲག་རྒྱུད་ལ་འགྱུར་ལྡོག་བཏང་སྟེ་འབྲོང་རྒྱུད་གསོ་སྐྱོང་བྱ་རྒྱུའི་ཐག་བཅད་པ་རེད། རྒྱུད་སྤེལ་བའི་འབྲོང་ལ་སྐྱེ་འཚར་མྱུར་བ་དང་། གཟུགས་སྟོབས་ཆེ་བ། ལྡོག་འགོག་རང་བཞིན་ཆེ་བ་བཅས་ཀྱི་ལེགས་ཆ་མངོན་གསལ་ལྡན་པས། འབྲི་གཡག་མི་ཉུང་བ་ཞིག་སྔ་མོ་ནས་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་དང་ཁེ་ལས་གཞན་གྱིས་མངགས་ཉོ་བྱས་པ་རེད། “2021ལོར་དར་དམར་གྲོང་ཚོས་བསྡོམས་པས་སྒོར་ཁྲི204བཏང་ནས་རྒྱུད་བཟང་འབྲི་གཡག235ནང་འདྲེན་བྱས་པ་དང་། འབྲོང་རྒྱུད་འབྲི་གཡག་གི་ཆ་སྙོམས་རིན་གོང་སྒོར་ཁྲི3ཡིན་པ་དེ་སྤྱིར་བཏང་གི་རྒྱུད་སྤེལ་བའི་འབྲི་གཡག་དང་བསྡུར་ན་ལྡབ་གཉིས་ཀྱིས་མཐོ་བས། འབྲོག་པས་རྒྱུད་བཟང་འབྲི་གཡག་གསོ་སྤེལ་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་ཡོདཅེས་གཡུ་སྐེ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་པད་མ་བཟང་མོས་དེ་ལྟར་བཤད།

འབྲི་གཡག་གསོ་སྤེལ་ལ་ཐབས་ལམ་ལྡན་པས། གྲོང་མི་ཕྱུག་པོ་འགྱུར་རྒྱུ་སེམས་ཁྲལ་མེད། དར་དམར་གྲོང་ཚོའི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ལོ་མང་པོ་སོང་ཡོད། སྔོན་ཆད་འབྲི་གཡག་གི་རིན་གོང་དམའ་ཞིང་མཉམ་ལས་ཁང་གི་གོང་བུ་འགྲིལ་ཤུགས་ཞན་པས། གྲོང་མི་ཚོས་འབྲི་གཡག་མི་ཉུང་བ་ཞིག་རང་གིས་གསོ་བཞིན་ཡོད། ཡིན་ཡང་ད་ལྟ་གྲོང་ཚོ་ཡོངས་ཀྱིས་རྒྱུད་བཟང་བརྗེ་རེས་ལས་དོན་སྤེལ་ཞིང་། སྔོན་ཆད་འབྲོག་པས་གསོ་སྤེལ་དཀའ་ཞིང་གསོན་ཐབས་དཀའ་བའི་འབྲི་གཡག་འབྲོང་གིས་ཚབ་བྱས་ཡོད་པས་མཉམ་ལས་ཁང་གི་གཉེར་སྐྱོང་ཕན་འབྲས་སྔར་ལས་ཆེ་རུ་ཕྱིན་ཡོད།

མིག་སྔར། རྒྱུད་བཟང་གསོ་སྤེལ་རྣམ་གྲངས་རིམ་བཞིན་ཡུས་ཧྲུའུ་ཁུལ་ཡོངས་སུ་ཁྱབ་གདལ་གཏོང་བཞིན་ཡོད་པ་དང་། 2021ལོར་ཁུལ་ཡོངས་ཀྱིས་པེ་ཅིང་དུ་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི2800བཏང་སྟེ་གཞི་ཁྱོན་ལྡན་པའི་རྒྱུད་བཟང་འབྲི་གཡག་གསོ་སྤེལ་རྟེན་གཞི8བཙུགས་པས། ལོ་གཅིག་ལ་འབྲི་གཡག་རྒྱུད་བཟང3500སླེབས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།