ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཞའོ་རོང་གིས་རང་ཚུགས་གློག་འདོན་བཟོ་སྐྲུན་གྱི་ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་བྱེ་བྲག་གི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་གིས་ཞིང་ཆེན་ནུས་ཁུངས་ཅུའུ་དང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་འགན་འཁུར་བློ་མཐུན་གྱིས་འགན་གཙང་ལེན་བྱེད་པའི་རང་ཚུགས་གློག་འདོན་བཟོ་སྐྲུན་གྱི་ལས་གཞི་གལ་ཆེན་ལག་བསྟར་བྱེད་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་ལས་གཞི་ལག་བསྟར་བྱེད་པར་བྱེ་བྲག་གི་རེ་བ་བཏོན།

ཀྲང་ཞའོ་རོང་གིས་བསྟན་དོན། རང་ཚུགས་གློག་འདོན་བཟོ་སྐྲུན་ནི་རང་ཞིང་གི་གློག་དྲ་ཁེབས་མེད་པའི་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་གློག་བཀོལ་དགོས་མཁོར་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་རོགས་འདེགས་བྱེད་པར་ཆབ་སྲིད་ཀྱི་དོན་སྙིང་དང་ཡུན་རིང་གི་དཔལ་འབྱོར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ནུས་ཁུངས་ཅུའུ་དང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་རང་འགུལ་སྒོས་དང་དུ་ལེན་པ། སྔ་སྣུར་སྒོས་ལག་བསྟར་བྱས་ཏེ། བྱ་བའི་ཇུས་གཞི་གཏན་ལ་ཕབ་པ་དང་ཞིབ་འཇུག་བྱེད་ཆོག་པའི་སྙན་ཞུ་སྒྲིག་བཟོ་བྱེད་པ། མ་དངུལ་བསྡུ་བ་སོགས་དུས་སྐབས་སྔོན་གྱི་བྱ་བ་གོ་རིམ་ལྡན་པར་སྒྲུབ་ནས། ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱས།

ཀྲང་ཞའོ་རོང་གིས་བསྟན་དོན། གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་གྱི་ནུས་ལྡན་འབྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་བྱེད་པའི་རོགས་སྐྱོར་རྫོང་དུ་ཞན་ཆ་ཁ་གསབ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གཞི་ལག་བསྟར་བྱེད་པའི་སྲིད་ཇུས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱེད་དགོས་ལ། ཧུར་ཐག་སྒོས་རང་ཚུགས་གློག་འདོན་བཟོ་སྐྲུན་དེ་ལས་གཞི་གལ་ཆེན་དུ་མཛོད་དུ་བཞག་ནས་རྩ་འཛུགས་དང་ལག་བསྟར་བྱེད་པ་བརྩོན་ལེན་བྱེད་དགོས། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་སོ་སོའི་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་ཟུང་འབྲེལ་བྱས་ཏེ། ནུས་ཁུངས་གསར་བའི་སྣ་ཁ་དང་འཕེལ་རྒྱས་ཀྱི་རྣམ་པ་དང་འཚམ་པ་གདམ་གསེས་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་བཀོལ་བའི་དོན་དངོས་དགོས་མཁོ་ལ་བསམ་གཞིགས་ཞིབ་མོ་གཏོང་དགོས་ལ། སྟབས་བསྟུན་སྒོས་ཡུལ་ཚོ་དང་གྲོང་བརྡལ་སོ་སོའི་བྱེ་བྲག་ཇུས་གཞི་ལེགས་སྒྲིག་བྱས་ནས། ནུས་ཁུངས་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བཀོལ་སྤྱོད་ཕན་ནུས་ཇེ་ཆེར་གཏོང་བར་མ་ཟད་རོང་འབྲོག་ཁུལ་དུ་ནུས་ཁུངས་ལྗང་མདོག་ཚུལ་སྒྱུར་གྱི་དཔེ་མཚོན་གསར་སྐྲུན་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།