ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཝེ་ཡིས་ནང་ཆེན་དུ་གྲོང་གསེབ་དར་སྤེལ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས4ནས་ཚེས5ཉིན་བར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཝེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་སོང་ནས་གྲོང་གསེབ་དར་སྤེལ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད། རྫ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ལ་རྟོག་ཞིབ་བྱས།

མཱ་ཝེ་ཡིས་ཤང་མདའ་གྲོང་རྡལ་ཟམ་ཆེན་གྲོང་ཚོའི་ཨར་འདམ་ལམ་དང་། གྲོང་ཚོའི་རྣམ་པ་ལེགས་བཅོས། ཏང་ཡོན་བྱེད་སྒོ་ཁང་བསྒྱུར་བཀོད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བཞུགས་མོལ་སྤེལ་རེས་གཏིང་ཟབ་བྱས། དེར་རྗེས་ནང་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་ཟམ་ཆེན་སྡེ་བའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་རྣམ་གྲངས་ལག་བསྟར་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས། མཱ་ཝེ་ཡིས་ནང་ཆེན་རྫོང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ཁག་ནན་ཏན་གྱིས་དོན་འཁྱོལ་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པར་བསྟན། 

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆོད་སེམས་སྔར་ལས་བརྟན་པ་དང་བྱ་ཐབས་སྔར་ལས་ནུས་པ་ལྡན་པར་བྱས་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་ཞིང་ཕྱུགས་ལས་ལ་རྒྱུས་མངའ་ཡོད་པ་དང་། རོང་འབྲོག་ཁུལ་ལ་དགའ་ཞེན་ཡོད་པ། རོང་འབྲོག་པར་ཉེ་བར་བཅར་བའི་ཕུལ་བྱུང་གི་གཞི་རིམ་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱེད་པ་དང་། “ཨུ་ལྷན་གཉིས”ཀྱི་ཚན་ཁག་སྟོབས་ལྡན་དུ་བཏང་ནས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཐོན་ལས་ལ་དམ་འཛིན་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་འཛུགས་པ། གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་བཟང་པོ་བཟོ་བ། ཁྱད་ལྡན་ཐོན་རྫས་སྤུས་རྟགས་གཏོད་པ་བཅས་བྱས་ནས་ཐོན་ལས་མཉམ་འདྲེས་དང་ནུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དམ་འཛིན་བྱེད་པ་དང་། ཁྲོམ་རར་རྒྱུས་མངའ་ཆེ་བ་དང་གཉེར་སྐྱོང་མཁས་པའི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། དྲ་ཐོག་དང་དྲ་ཕྱིའི་ཐོན་རྫས་ཚོང་གཉེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རོང་འབྲོག་པའི་ཡོང་འབབ་མཐོ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། གྲོང་སྲོལ་དམངས་ཆིངས་འཐུས་ཚང་དུ་གཏོང་བ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡུལ་སྲོལ་བཅོས་སྒྱུར་དང་། དར་སྲོལ་བཟང་པོ་དང་དཔལ་ཡོན་གྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།