ཀྲུང་གོ་བོད་ཀྱི་དྲ་བ།

“མཚོ་སྔོན་གྱི་མིག་དཔེ”ཚོགས་སྡེའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། “མཚོ་སྔོན་གྱི་མིག་དཔེ”ཚོགས་སྡེའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཚོགས་འདུ་ལྟེ་གནས་སུ་ཚོགས། སྙན་ཞུ་ཚོགས་འདུ་མ་འཚོགས་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་གནང་། 

ཐུག་འཕྲད་ཁྲོད། ཞིན་ཁྲང་ཞིང་གིས་སྤྱིར་བཏང་གི་ལས་རྐང་སྟེང་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཞག་པའི“མཚོ་སྔོན་གྱི་མིག་དཔེ”ཚོགས་སྡེ་ལ་གུས་འདུད་ཀྱི་ཐུགས་དགོངས་བསྟན་པ་དང་། སྙན་ཞུ་ཚོགས་པའི་ཁོངས་མིས་ངལ་བ་དང་དུ་བླངས་པར་ཐུགས་རྗེ་ཆེ་ཞུས་ཏེ། མིག་དཔེའི་སྟོབས་ཤུགས་ནི་ཚད་མེད་པ་ཞིག་ཡིན་ལ། ཉེ་འགྲམ་གྱི་མིག་དཔེས་མི་ལ་ཆེས་སེམས་འགུལ་ཐེབས་སུ་འཇུག “མཚོ་སྔོན་གྱི་མིག་དཔེ”ཚོགས་སྡེ་ཡིས་དད་འདུན་བརྟན་ཞིང་ཏང་ལ་བློ་དཀར་བའི་ཆབ་སྲིད་གཤིས་རྒྱུད་མངོན་པར་བྱས་ཡོད་ཅིང་། ཁུར་ཐེག་བྱས་འབྲས་ཡོད་པ་དང་སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་འབད་འཐབ་སྙིང་སྟོབས་མཚོན་པར་བྱས་ཡོད་པས། སེམས་ཁོང་དུ་དད་པ་ཡོད་པ་དང་རྐང་འོག་ཏུ་སྟོབས་ཤུགས་ཡོད་པའི་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་ཏག་ཏག་རེད། དད་པ་འདིའི་རིགས་ནི། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀར་ཉན་པ་དང་ནན་ནན་ཏན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པའི་སྟེང་མཚོན་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་འབྲང་བ་དང་ཏན་ཏན་ཏིག་ཏིག་གིས་མང་ཚོགས་དོན་དངོས་དོན་བཟང་སྒྲུབ་པའི་སྟེང་དུ་ཡང་མཚོན་ཡོད། དུས་རབས་གསར་པ་ནི་འབད་འཐབ་པའི་དུས་རབས་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་ཚང་མས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་དེད་ནས་མདུན་དུ་སྐྱོད་པ་དང་། རང་རྟོགས་སྒོས“མཚོ་སྔོན་གྱི་མིག་དཔེ”ཚོགས་སྡེ་ལ་སློབ་སྦྱོང་བྱས་ནས། བགྲོད་ལམ་གསར་པར་འབད་པས་བསྐྱོད་ཅིང་དུས་རབས་གསར་པར་བྱས་རྗེས་འཇོག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཆེན་པོ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི600རེ་བཞག་སྟོང་ཟད་དུ་མི་གཏོང་བར། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་པ་ལེན་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

སྙན་ཞུ་ཚོགས་འདུའི་ཐོག སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པའི་ཁོངས་མི་ཟུར་ཚད་མི་འདྲ་བ་དང་རིམ་པ་མི་འདྲ་བ་ནས། དབྱི་ཧྥ་ཝང་དང་བསོད་ལྷ། ཁྲིན་ཧྲུའེ་ཧྥེང་། ཨུ་རྒྱན་ནོར་བུ་སོགས་བློ་མཐུན4ཡིས་ཏང་གི་ཐོབ་ཐང་དུས་དང་རྣམ་པ་ཀུན་ཏུ་ལ་ཡིད་ལ་དམ་པོར་བཟུང་བ་དང་། ལོ་བཅུ་ཕྲག་འགའ་ཉིན་གཅིག་དང་མཚུངས་པར་རང་གི་ལས་རྐང་ལ་གཞི་བཙུགས་པ་དང་ཁ་ཁུ་སིམ་མར་བྱས་རྗེས་བཞག་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིབ་བརྗོད་བྱས། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཆུ་འཁོར་གྲོང་རྡལ་སྒྲིག་ཨུའི་ཧྲུའུ་ཅི་ཚའོ་ཀྲི་ཞིན་གྱིས་ཁ་བྱང་ལ《མི་ནི་རྒྱང་རིང་དུ་བཞུད་ཟིན་ཀྱང་། སྙན་པའི་གྲགས་པ་རྨ་ཆུའི་འགྲམ་དུ་ཁྱབ》ཅེས་པ་སྒྲོག་འགྲེལ་བྱས་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་རྨ་ཆུ་ཤང་གི་ཧྲུའུ་ཅི་ཧྲི་ཧའེ་ཕིང་གིས་ཁ་བྱང་ལ《སྐལ་བཟང་མེ་ཏོག་ཅིག་གི་ཐོག་མའི་སེམས་འདུན་དང་ཕུགས་རེ》ཞེས་པ་སྒྲོག་འགྲེལ་བྱས་ཤིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གླིང་གཙོ། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་གྱི་ཆེད་མཁས་པ་ཁྲིན་ཧྲུའེ་ཧྥེང་གིས《མཚོ་སྔོན་རོགས་སྐྱོར་གྱི་ལམ་དུ་མི་ཚེའི་མཚར་སྡུག་གི་ལེའུ་བྲིས》ཞེས་པ་སྒྲོག་འགྲེལ་བྱས་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཆུ་ནག་འབྱུང་ཁུངས་འབབ་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོང་བཟོ་སྐྲུན་བདག་སྲུང་ས་ཚིགས་ཀྱི་མགོ་དཔོན་ཨུ་རྒྱན་ནོར་བུས《བདག་སྲུང་ས་ཚིགས་ཆུང་ཡང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཆེན་པོ་ཡིན》ཞེས་པ་སྒྲོག་འགྲེལ་བྱས། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་རྗེས་དྲན་ཁང་གི་ཞིབ་བརྗོད་པ་མཱ་ཧའེ་ཞ་ཡིས《མིག་དཔེ་ཡིས་ང་ཚོ་མདུན་དུ་སྐྱོད་པར་སྐུལ་མ་ཐེབས》ཞེས་པ་སྒྲོག་འགྲེལ་བྱས། བློ་མཐུན་ལྔ་ཡིས་སྐད་ཆ་བབ་ཆགས་དང་བརྩེ་བ་རྣལ་མ། གཏམ་རྒྱུད་གསོན་པོ་བཅས་ལ་བརྟེན་ནས། “མཚོ་སྔོན་གྱི་མིག་དཔེ”ཡིས་དམངས་ལ་ཕན་བདེ་སྐྲུན་པ་དང་ཉིན་མཚན་དབྱེར་མེད་དུ་གཞུང་དོན་ལ་འབད་པ། སེམས་ཁོང་དུ་བརྩེ་བ་ཆེན་པོ་ཉར་བ། ལས་སྒྲུབ་འགན་ལེན་གྱི་མི་སེམས་འཁུལ་བའི་བྱས་རྗེས་བརྩེ་བ་ཟབ་མོས་ཞིབ་བརྗོད་བྱས། 

སྔོན་ཐོན་བྱས་རྗེས་འདི་དག་གིས་ཡུལ་དངོས་ཀྱི་ཉན་མཁན་ལ་སེམས་འགུལ་ཐེབས་སུ་བཅུག་ཅིང་། ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་མགྲིན་གཅིག་ཏུ་མིག་དཔེ་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མིག་དཔེ་ཡི་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པ། ལོ་རྒྱུས་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་པར་འབད་པ་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་ཞུ་དགོས་པའི་བསམ་ཚུལ་བསྟན། 

ཀྲའོ་ཡུའེ་ཞ་ཐུག་འཕྲད་ལ་ཞུགས་པར་མ་ཟད་སྙན་ཞུ་ཚོགས་འདུར་ཕེབས། ཝང་ཏ་ནན་ཐུག་འཕྲད་ལ་ཞུགས་པར་མ་ཟད་སྙན་ཞུ་ཚོགས་འདུར་མགོ་འཛིན་བྱས། ཀྲུའུ་ཞང་ཧྥིན་མཇལ་འཕྲད་ལ་ཞུགས། དབྱང་ཀྲི་ཝུན་དང་ཏུའུ་ཅེ་གཉིས་སྙན་ཞུ་ཚོགས་འདུར་ཞུགས། 

ཟི་ལིང་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་མང་ཚོགས550ལྷག་གིས་སྙན་ཞུ་ཚོགས་འདུར་མཉན། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།