ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གསུམ་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་གཞི་རིམ་གྱི་ལས་ཞུགས་ལས་གནས་གཅིག་བསྡུས་ཁྱབ་བསྒྲགས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ། དམངས་སྲིད་པུའུ་བཅས་ཀྱིས་ཚེས27ཉིན་མཉམ་འབྲེལ་སྒོས《མཐོ་རིམ་མཐར་ཕྱིན་སློབ་མའི་མཁར་གྲོང་དང་གཞི་རིམ་གྱི་ལས་ཞུགས་ལས་གནས་ཁྱབ་བསྒྲགས་བྱ་བ་ལེགས་པར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》ཁྱབ་བསྒྲགས་བྱས་ཏེ། ས་གནས་སོ་སོས་ཐོན་ཁུངས་གཅིག་བསྡུས་དང་གཏིང་ཤུགས་སྔོག་འདོན། མཐུན་སྦྱོར་སྐུལ་འདེད་བཅས་ལ་བཀོད་སྒྲིག་བྱས་པ་བརྒྱུད། ཐབས་ལམ་མང་པོ་དང་རྣམ་པ་མང་པོ། ཁྱབ་ཁོངས་མང་པོ་བཅས་ཀྱི་སྒོ་ནས་མཐོ་སློབ་མཐར་ཕྱིན་སློབ་མ་དང་འཚམ་པའི་གཞི་རིམ་གྱི་ལས་གནས་སྐོར་ཞིག་གཅིག་བསྡུས་ཁྱབ་བསྒྲགས་བྱས།

བརྡ་སྦྱོར་ལས་གཙོ་གནད་ལས་འགན་ཁག་བཞི་གསལ་བོར་གཏན་ཁེལ་བྱས་ཡོད་ཅིང་། གཅིག་ནི་གཞི་རིམ་དུ་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་པ་དེ་ཡིན་ཞིང་། གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ། རིགས་སོ་སོའི་མ་དངུལ་སྲིད་ཇུས་བྱེད་ཐབས་བེད་སྤྱོད་ཡག་པོ་བྱས་ནས། རིགས་སོ་སོའི་གཞི་རིམ་གྱི་ལས་ཞུགས་ལས་གནས་ཧུར་ཐག་གིས་གསར་སྤེལ་བྱེད་དགོས། ས་གནས་དེའི་གཞི་རིམ་གྱི་ལས་དོན་ལས་ཁུངས་དང་ཁེ་ལས་སོགས་མི་སྤྱོད་གཙོ་གཞིའི་ལས་གནས་སྟོང་བར་ལུས་པའི་གནས་ཚུལ་འགུལ་རྣམ་ཁྱབ་བསྒྲགས་བྱེད་དགོས། དེ་མིན་གཞི་རིམ་གྱི་ཞབས་ཞུ་རྣམ་གྲངས་ལག་བསྟར་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་ཚད་ལྡན་དུ་གཏོང་དགོས།

གཉིས་ནི་ལས་མི་བསྡུ་བའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་རྒྱུ་དེ་ཡིན། “ཡོངས་བསྒྲགས་དང་དྲང་སྙོམས། དྲང་བཞག”བཅས་ཀྱི་རྩ་དོན་ལྟར། གོ་རིམ་ལྡན་པའི་སྒོ་ནས་གདན་ཞུ་ལས་དོན་རྩ་འཛུགས་བྱས་ཏེ། ལས་མི་བསྡུ་བའི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས། གདན་ཞུའི་ལས་གནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་ཤིང་། གཙོ་བོ2022ལོའི་མཐར་ཕྱིན་སློབ་མ་དང་ལོ་སྔོན་མའི་ལས་ཞུགས་བྱས་མེད་པར་སློབ་མར་དམིགས་ནས་གདན་ཞུ་བྱ་བ་སྤེལ་རྒྱུ་རེད།

གསུམ་ནི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་དངོས་འབེབས་བྱ་རྒྱུ་དེ་ཡིན། གཞི་རིམ་དུ་ལས་ཞུགས་བྱེད་པ་དང་ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན། རང་བརྟེན་ལས་སྐྲུན། སྟབས་བསྟུན་ལས་ཞུགས། གཞི་རིམ་གྱི་ཞབས་ཞུ་རྣམ་གྲངས་ལ་ཞུགས་པ་བཅས་ལ་གཏན་འབེབས་ལྟར་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྐུལ་སློང་དང་ཁྲིད་སྟོན་གྱི་ཕན་ནུས་འདོན་སྤེལ་བྱ་རྒྱུ་རེད།

བཞི་ནི་རྗེས་འདེད་ཞབས་ཞུ་འགན་སྲུང་ལ་ཤུགས་བསྣན་ཏེ། མཁར་གྲོང་དང་གཞི་རིམ་དུ་ལས་ཞུགས་དང་ལས་སྐྲུན་བྱེད་པའི་མཐར་ཕྱིན་སློབ་མར་ཡིག་ཚགས་བརྒྱུད་སྤྲོད་དང་། སྤྱི་ཚོགས་འགན་སྲུང་དངུལ་སྤྲོད་པ། ངལ་རྩོལ་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ཏེ། རྗེས་ཕྱོགས་ཀྱི་འཚར་ལོངས་དང་འཕེལ་རྒྱས་ཐབས་ལམ་རྒྱ་བསྐྱེད་དགོས། ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མར་ལས་ཞུགས་ཁྲིད་སྟོན་དང་ལས་གནས་འོས་སྦྱོར། ལས་ཞུགས་མཛུབ་སྟོན་སོགས་ཀྱི་ལས་ཞུགས་ཞབས་ཞུ་དོན་འཁྱོལ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།