ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བགྲོད་ལམ་གསར་པར་གོམ་ཁ་སྒྱུར། དུས་རབས་གསར་པར་བྱས་རྗེས་འཇོག

མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བ།

“རང་རེའི་རྒྱལ་ཁབ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། མི་རིགས་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས། ཚང་མ་ཕན་ཚུན་མཛའ་ཞིང་བརྩེ་ལ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་འབྱུང་དགོས།”“སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་གཡུལ་ས་གཙོ་བོ་བྱས་ཏེ། རིགས་སོ་སོའི་མི་དམངས་ཀྱིས་ལག་རྡང་མཉམ་དུ་སྦྲེལ་ཞིང་བློ་སེམས་གཅིག་ཏུ་སྦྲེལ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས།” 2016ལོ་དང2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གཉིས་ལ་རྟོག་ཞིབ་ཏུ་ཕེབས་ཏེ། མཚོ་སྔོན་གྱི་མི་རིགས་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོས་དུས་རབས་གསར་པའི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པར་ཁ་ཕྱོགས་གསལ་པོ་བསྟན་པ་དང་། གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས་ཡོད།

དུས་སྐབས་གལ་ཆེན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་དང་། མངགས་བཅོལ་ཟབ་མོ་ནི་སྤོབས་པས་མདུན་དུ་སྐྱོད་པར་བསྐུལ་བར་བྱེད་པ་ཞིག་རེད་ཨང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་ཐག་རྦད་ཆོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་གཙོ་ཐིག་ཏུ་བཟུང་བ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་སྤེལ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་སྟེང་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པ་དང་། འཚོལ་ཞིབ་དང་ལག་ལེན་བྱེད་པ། མདུན་གྲལ་དུ་སྐྱོད་པ་བཅས་བྱེད་དགོས། མི་རིགས་བྱ་བའི་སྲིད་ཇུས་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དེ་རྒྱལ་དམངས་སློབ་གསོ་དང་ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་གོ་རིམ་ཡོངས་སུ་འཇོག་པ་དང་། སློབ་གྲྭའི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་དང་དྲིན་གཟོའི་སློབ་གསོ་ལ་ཤུགས་བསྣན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་སྣེའི་སྣང་བརྙན་བཟོ་འགོད་ལ་སྐུལ་སྤེལ་བྱས་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་སྐོར་ཞིག་འཛུགས་སྒྲུབ་བྱེད་ཅིང་།རིགས་སོ་སོའི་མང་ཚོགས་ཀྱི“ངོས་ཟིན་ལྔ”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་དགོས།

ད་ལྟའི་མཚོ་སྔོན་དུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཉིན་བཞིན་ཡར་རྒྱས་འབྱུང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་སྟེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་མཚོ་སྔོན་གྱི་ས་གཞི་ཆེན་པོར་གཅིག་ལ་གཅིག་འགྲན་གྱིས་བཞད་ཡོད།

བསམ་བློའི་ཁྲིད་སྟོན་འབུར་དུ་ཐོན་པར་བྱས་ཏེ། ཆེས་ཆེ་བའི་བློ་སེམས་གཅིག་སྒྲིལ་གྱི་རི་མོ་བྲིས།

ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ། མཚོ་སྔོན་གྱི་ཡུལ་གྲུ་འདིར་འཚོ་སྡོད་བྱེད་པའི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་རོགས་རེས་དང་འཆམ་མཐུན་མཉམ་གནས་ཀྱི་སྒོ་ནས། སེ་འབྲུའི་ཚི་གུ་བཞིན་ཕན་ཚུན་དམ་པོར་འབྲེལ་ཏེ། “སོ་སོའི་མཛེས་པ་རང་རང་རྒྱུད་ན་མཛེས། མཛེས་མཛེས་ཡོད་ཚད་ཀུན་གྱི་རྒྱན་དུ་ཆགས”པ་དང་། སུ་ཡང་གང་གི་ལས་དབང་གཅིག་མཐུན་ཚོགས་པ་དང་འབྲལ་ཐབས་མེད་པར་ཆགས་ཡོད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི“རྩ་གནད”ཡིན། ང་ཚོས་བསམ་བློའི་ཁྲིད་སྟོན་ནི་གསར་སྐྲུན་བྱ་བའི་སྔོན་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བར་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་བརྗོད་དོན་སློབ་གསོའི་ལག་ལེན་བྱ་འགུལ་རྒྱ་ཁྱབ་ཀྱིས་སྤེལ་བ་དང་། རྒྱབ་ཤ་སྔོན་པོ་ཅན་གྱི《མཚོ་སྔོན་གྱི་མི་རིགས་འཕེལ་རྒྱས་སྙན་ཞུ》དེབ་ཐེར་པར་སྐྲུན་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་བྱས་རྗེས་ཀློག་དེབ》རྩོམ་སྒྲིག་པར་སྐྲུན་བྱས་པ་དང་། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་སློབ་གསོའི་ཀློག་དེབ》རྩོམ་སྒྲིག་བྱས་ལ།《རིགས་སོ་སོའི་མི་རིགས་ཕན་ཚུན་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་ཀྱི་གཏམ་རྒྱུད་གཅེས་བསྒྲིགས》རྩོམ་སྒྲིག་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་མཚོ་སྔོན་གྱི་སྙིང་སྟོབས་གདུང་རབས་གསོ་སྐྱོང་ཤུགས་ཆེར་བྱས་ཡོད།

ཟླ2པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྣང་བརྙན་མཚོན་རྟགས་དངོས་སུ་ཁྱབ་སྒྲོག་བྱས། མཚོན་རྟགས་ཀྱི་སྤྱིའི་ཆ་ནས་རི་སྔོ་ཆུ་དྭངས་དང་མི་རིགས་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་ཀྱི་ཚོས་མདངས་མངོན་ཞིང་། རིགས་སོ་སོའི་མི་རིགས་རྣམས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་ཕྱུག་འགྱུར་གོང་འཕེལ་འགྲོ་བའི་མཛེས་སྡུག་གི་རྣམ་པ་མཚོན་པར་བྱས་ཡོད།

གསར་སྐྲུན་གྱི་ལག་ལེན་ཁྲོད་དུ། ཕྱོགས་མང་པོའི་གཞི་རྒྱུ་གཅིག་སྡུད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་རང་བཞིན་ཤུགས་དྲག་ཅིང་ནང་དོན་ཕུན་སུམ་ཚོགས་ལ། དོན་སྙིང་ཟབ་ཅིང་བརླིང་པ། དང་ལེན་བྱེད་ཚད་མཐོ་བའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་སྣང་བརྙན་བསྐྲུན་པ་དང་། རིགས་སོ་སོའི་མི་རིགས་ཐུན་མོང་གིས་སྤྱོད་ཆོག་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་གཞི་ཡིན་པའི་སྣང་བརྙན་མཚོན་རྟགས་ཇུས་འགོད་སྒྲིག་བཟོ་བྱས་ནས། ཁུལ་དང་གྲོང་ཁྱེར་སོ་སོར་བརྗོད་དོན་སློབ་གསོའི་འགྲེམ་སྟོན་ཁང8བསྐྲུན་པ་དང་། བརྗོད་དོན་རྗེས་དྲན་རྡོ་རིང་དང་འཇིམ་བརྐོས། དྲིལ་སྒྲོག་ཁྱམས་རིང་བཅས156བསྐྲུན་ཏེ། རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ“འབྲལ་ཐབས་མེད་པ་གསུམ”དང“ངོས་ཟིན་ལྔ”ཡི་འདུ་ཤེས་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་།

མི་རིགས་མཐུན་སྒྲིལ་ཡོང་བ་དེ་ལས་བྱེད་པའི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་ཁོངས་སུ་བཞག་སྟེ། ཏང་ཡོན་ལས་བྱེད་པ་དང་རོང་འབྲོག་མང་ཚོགས། ལས་དོན་མི་སྣ། སློབ་མ། ཆོས་ལུགས་ལས་རིགས་ཁག་སོགས་རིགས་ཚོགས་མི་འདྲ་བར་དམིགས་ནས“ཆུ་ཐིགས་གཏོར་བ”ཡི་སློབ་གསོ་སྤེལ་དགོས། བསྟུད་མར་ལོ38རིང་ལ་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་ཞིང་། ཁྱད་ལྡན་སྒྲོག་འགྲེལ་རུ་ཁག་བཙུགས་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་ཀློག་དེབ་ཁྲི300ལྷག་པར་འགྲེམ་བྱས་ལ། མི་རིགས་མཐུན་སྒྲིལ་གྱི་མཐོ་རིམ་གླེང་སྟེགས་དང་། བརྙན་ཕྲན་དང་གློག་བརྙན་ཐུང་ངུའི་འགྲེམ་སྟོན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་གཞས་གཏོང་ལེན་སོགས་སྣ་མང་ཕུན་ཚོགས་ཀྱི་བྱ་འགུལ་ལ་བརྟེན་ནས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཤེས་རབ་དང་སྟོབས་ཤུགས་དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་མཛེས་སྡུག་གི་ཁྱིམ་གཞིས་མཉམ་དུ་བསྐྲུན་པའི་སྟེང་དུ་གཅིག་སྡུད་བྱས།

ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོར་བཏང་།

ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་དང་ཆབ་སྲིད་ཀྱི་ཁྲིད་སྟོན་འབུར་དུ་ཐོན་པར་བྱེད་པ་རྒྱུན་འཁྱོངས་བྱས་ནས། རིམ་བཞིའི་ཏང་ཨུའི་ཧྲུའུ་ཅིས་འགན་གཙོ་བོ་འཁུར་བའི་མགོ་ཁྲིད་ཀྱི་སྒྲིག་སྲོལ་བཙུགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལག་བསྟར་རྩ་གནད་དང་བསམ་འཆར་བཏོན་ཏེ། རྒྱལ་ཡོངས་སུ་ཏང་ཨུ་ཡིས་སྤྱི་འགན་འཁུར་བའི་སྔོན་དཔེ་གསར་གཏོད་ཀྱི་ལམ་སྲོལ་ཐོག་མར་བཙུགས་པས། ཏང་ཨུ་ཡིས་གཙོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་ཏང་སྲིད་དམག་དམངས་མཉམ་རུབ་ཀྱིས་མཉམ་སྐྲུན་དམ་འཛིན་བྱས་པའི་གསར་སྐྲུན་ཆེན་པོའི་ཆགས་སྟངས་མཉམ་དུ་བསྐྲུན། རྩ་འཛུགས་ཀྱི་མགོ་ཁྲིད་ལ་སྔར་བས་ཤུགས་སྣོན་ཆེད། ཞིང་ཆེན་ཏང་ཨུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དང་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་ལེགས་སྒྲིག་བྱས་ནས་བཙུགས་ཤིང་། ཧྲུའུ་ཅི་དང་ཧྲེང་ཀྲང“ཚན་གཙོ་ཉིས་སྦྲགས”ལམ་ལུགས་ཀྱི་བྱ་བའི་མགོ་ཁྲིད་ལས་ཁུངས་བཙུགས་པ་དང་། ཁོངས་མིའི་ལས་ཁུངས་འཐུས་ཚང་དུ་བཏང་ནས། གསར་སྐྲུན་བྱ་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོན་པོས་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱས།

ཟི་ལིང་དུ། རིམ་པ་སོ་སོའི་ཏང་ཨུ་ཡིས“མི་རིགས་མཐུན་སྒྲིལ་ཡར་ཐོན”དེ་འཕེལ་རྒྱས་དང་འཆམ་མཐུན་ལ་གཙོ་ཁྲིད་བྱེད་པའི་སྲོག་ཤིང་དུ་བྱས་ཡོད་ལ། མཚོ་བྱང་དུ། ལམ་ལུགས་ཀྱི་རྣམ་པས་ཏང་གི་མི་རིགས་མཐུན་སྒྲིལ་བྱ་བའི་ཁྲོད་ཀྱི་མགོ་ཁྲིད་ལ་འགན་སྲུང་བྱེད་པ་དང་། ཡུས་ཧྲུའུ་རུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ནི་ཏང་འཛུགས་སྐྲུན་བྱ་བའི་ནང་དོན་གལ་ཆེན་དུ་བཟུང་ཡོད།

ཏང་གི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འབད་བརྩོན་ལྷོད་མེད་ཀྱིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་མཉམ་དུ་འབྲི་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་སྟེང་དང་ཆབ་སྲིད་ཀྱི་སྟེང་། འགུལ་སྐྱོད་ཀྱི་སྟེང་བཅས་སུ་སྔར་བས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་དང་ཕན་ཕྱོད་གསར་པ་བླངས་ཡོད།

ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་བཟོས་ཏེ། མི་རིགས་མཐུན་སྒྲིལ་བརྟན་བརླིང་ཡུན་སྐྱོད་ལ“སྲུང་སྐྱེལ”བྱས་པ།

ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་ནི། ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ནང་དོན་གལ་ཆེན་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སྒྲུབ་པའི་རྩ་བའི་རྩ་དོན་ཡང་ཡིན། བཅའ་ཁྲིམས་ཀྱི་དད་མོས་བཙུགས་ཚེ། རིགས་སོ་སོའི་མང་ཚོགས་ཀྱིས་རང་རྟོགས་སྒོས་བཅའ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། མི་རིགས་མཐུན་སྒྲིལ་ལ་ད་གཟོད་ཁག་ཐེག་ཡོད་པར་གྱུར་པས། མི་རིགས་ཀྱི་འབྲེལ་བའང་སྔར་བས་བརྟན་ཞིང་བརླིང་པ་ཡིན།

2019ལོར་རང་ཞིང་གིས《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག》(གཤམ་དུ་བསྡུས་མིང《སྲོལ་ཡིག》འབོད)གཏན་འབེབས་བྱས་ཏེ་འདོན་སྤེལ་བྱས་པ་དང་། འདི་ནི་རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱེད་པ་ཁྲིམས་འཛུགས་དགོངས་དོན་དུ་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་ཡིན་ལ། ཞིང་ཆེན་དམངས་ཆེན་མི་དམངས་ཕྱི་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་རྡོ་རྗེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། 《སྲོལ་ཡིག》གཏན་འབེབས་བྱས་པ་ནི་རིགས་སོ་སོའི་མི་རིགས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་ཕྱུག་འགྱུར་འཕེལ་རྒྱས་འབྱུང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ནུས་ལྡན་བྱེད་ཕྱོགས་ཡིན་ལ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་སྔོན་འགྲོ་དང་ཁག་ཐེག་ཡིན། དུས་མཚུངས་སུ། རང་ཞིང་གིས“བདེ་འཇགས་མཚོ་སྔོན”དང“ཁྲིམས་སྐྱོང་མཚོ་སྔོན”འཛུགས་སྐྲུན་བྱེད་པ་ལ། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་སྐྱོང་ལ་བརྟེན་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གལ་ཆེན་འགན་སྲུང་དང་ཁག་ཐེག་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ཁྲིམས་སྐྱོང་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་སྐུལ་སྤེལ་བྱེད་པའི་བརྒྱུད་ལམ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། 《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག》འགྲེམས་སྤེལ་བྱས་པ་དང་། རང་སྐྱོང་ཁུལ6པོ་ཚང་མས《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》བཏོན་པས། རྒྱལ་ཡོངས་ཀྱི་ཆེས་སྔ་བའི་ཆེད་དམིགས་ཁྲིམས་སྲོལ་བཏོན་པའི་ཞིང་ཆེན་གྱི་ཡ་གྱལ་དུ་གྱུར་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག་སྤེལ་མགོ་ཚུགས་ཤིང་བཟོ་བཅོས་བྱས་པ་དང་། སྔ་ཕྱིར《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལག་བསྟར་དངོས་འབེབས་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། ཁེར་སྤྱོད་སྲོལ་ཡིག སྲིད་གཞུང་གི་སྒྲིག་ཡིག་སོགས་སྒྲིག་ཡིག122ཁྱབ་བསྒྲགས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཁྲིམས་སྐྱོང་རྨང་གཞི་སྔར་བས་བརྟན་པར་བྱས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ཏུ་བསྟར་བར་ཁག་ཐེག་བྱས་ནས།རྒྱུན་ཆད་མེད་པར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པའི་དུས་མཚུངས་སུ། ད་ཡོད་ཀྱི་ཁྲིམས་ལུགས་བཅའ་ཁྲིམས་ལ་རྟོག་དཔྱོད་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བར་གནོད་པའམ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་གཏོར་བཅོམ་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། སྲིད་ཇུས་ཁྲིམས་སྲོལ་དང་ལམ་ལུགས་སྒྲིག་སྲོལ་ཚང་མ་སྔར་བས་གནས་བབ་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས།

གཡོར་མོར་བརྟེན་ནས་རླབས་ཕྲེང་གཤགས་པ་ན། རྒྱ་མཚོའི་ཕ་མཐར་སྒྲོལ་བའི་དུས་ཤིག་འབྱུང་། མཚོ་སྔོན་གྱི་རིགས་སོ་སོའི་བུ་དང་བུ་མོ་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་པོར་བྱས་ནས། མཉམ་དུ་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་ཕྱོགས་སུ་ལག་རྡང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།