ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ལ་སྔ་གཞུག་ཏུ་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས། 

གྲོས་ཚོགས་སྟེང་ཟླ6པའི་ཚེས17ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དངུལ་རྩའི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་ལེགས་བཅོས་བྱེད་པའིི་དཀའ་ཁག་གི་འདུ་ཤེས། དངུལ་རྩས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་གསར་གཏོད་ཀྱི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། དངུལ་རྩའི་ལས་དོན་ལེགས་པར་སྒྲུབ་པའི་འཇོན་ཐང་མཐོ་རུ་གཏོང་བ་དང་། དངུལ་རྩའི་ཡོ་བྱད་ལེགས་པར་སྤྱད་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། 

གྲོས་ཚོགས་སྟེང《“ཞིང་གསུམ”བྱ་བ་གླེང་བ》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་རྣམ་བཤད་གལ་ཆེན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་རྣམ་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི“ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་པར་བྱ་སྤྱོད་ཀྱི་རྩ་འཛིན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གི《“ཞིང་གསུམ”བྱ་བ་གླེང་བ》ནི་ཏང་གི་གྲོང་གསེབ་བྱ་བའི་གཞི་རྩའི་ཉམས་མྱོང་གི་ལེགས་ཆ་གཅིག་སྡུད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དབང་གྲགས་ལྡན་པའི་ཀློག་དེབ་ཅིག་དང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་མཚོན་རྟགས་རང་བཞིན་གྱི་དོན་ཆེན་ཞིག་ཡིན་པས་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་པར་ནན་གྱིས་བསྟན། 

གྲོས་ཚོགས་སྟེང《སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་ལས་དོན་སྔར་ལས་ལེགས་པར་བསྒྲུབ་པའི་སྐོར་གྱི་བྱེད་ཐབས་འགའ་ཞིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ལས་ཞུགས་སྲིད་ཇུས་ཁག་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། ལས་གནས་བརྟན་འཇགས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ལས་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་ལས་སྔོག་འདོན་བྱེད་པ། ལས་ཞུགས་ལས་གནས་སྔར་ལས་མང་བ་གཏོད་པ་བཅས་ཀྱི་ཐོག་ནས་གདན་ཞུའི་ལས་དོན་རབ་དང་རིམ་པ་རྩ་འཛུགས་བཟང་པོ་བྱེད་པ་དང་། ཁེ་ལས་དང་ལས་གནས་མང་དུ་གཏོང་བ། ཁེ་ལས་ཁྲི་སྟོང་སློབ་གྲྭར་སྐྱོད་པ།  ལས་ཞུགས་མཛུབ་ཁྲིད། གནད་ཁེལ་རོགས་སྐྱོར་བཅས་ཀྱི་བྱེད་ཐབས་རྩ་འཛུགས་བཟང་པོ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་སྒོས་མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན། 

གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། གོམ་གང་མདུན་སྤོས་ཀྱི་བཟོ་བཅོས་དང་འཐུས་ཚང་དུ་བཏང་རྗེས། གོ་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་འབུལ་དགོས་པའི་བླང་བྱ་བཏོན། 

གྲོས་ཚོགས་སྟེང་ད་དུང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བར་འགན་ལེན་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།