ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་དངུལ་རྩའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུ་ལ་ཞུགས་ནས་འབྲེལ་ཡོད་གཏམ་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པའི་ཁྲོད་གོ་སྐབས་དམ་འཛིན་བྱེད་པ། དཔལ་འབྱོར་དམ་འཛིན་བྱེད་པའི་ཁྲོད་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། བཅོས་བསྒྱུར་གསར་གཏོད་གཏིང་ཟབ་བྱེད་པ་ཐོལ་བརྒལ་ཡོང་བ། དངུལ་རྩའི་ཉེན་ཁར་དོགས་ཟོན་བྱེད་པར་མཐའ་ཚད་སྲུང་བ། ཁོར་ཡུག་བཟང་པོ་བསྐྲུན་པའི་སྟོབས་ཤུགས་ཆགས་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་བརྗོད།

ཚོགས་འདུའི་སྟེང་ཞིང་ཆེན་དང་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ་དང་། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཉིང་ལག་དངུལ་ཁང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་གོ་ཡིད་རྟོན་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་། ཞིང་ཆེན་ཞིང་ལས་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྔ་གཞུག་ཏུ་གཏམ་བཤད་སྤེལ། ཝུའུ་ཞའོ་ཅུན་གྱིས་ཉན་ཞོར་དུ་ཟིན་ཐོ་བཀོད་པ་དང་འབྲེལ་ཡོད་གནས་ཚུལ་ཡང་ཡང་དྲིས་པ་མ་ཟད། ཚང་མས་དོ་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་བསྐྱོན་པ་དང་། ཡུལ་དངོས་སུ་གནད་དོན་མཐུན་སྦྱོར་སྒོས་ཐག་གཅོད་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་ནན་གྱིས་དམ་འཛིན་བྱེད་པ་དང་། དངུལ་རྩས་དངོས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་གོ་སྐབས་ནན་གྱིས་དམ་འཛིན་བྱེད་པ། “མཐོ་ས”དང“གནས་བཞི”འཛུགས་སྐྲུན་དང་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་བྱས་རྗེས་འཇོག་པ་དང་འཕེལ་རྒྱས་དང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས། དངུལ་བུན་གཏོང་སྤྲོད་ཀྱི་ལས་ཕྱོད་དང་ཞབས་ཞུ་སྟབས་བདེ་ཡོང་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་བ་དང་། ཁེ་ལས་དང་མི་དམངས་ལ་ཕན་པའི་བྱ་སྤྱོད་ནན་ཏན་གྱིས་སྤེལ་བ། འགྲོ་གྲོན་ཉུང་དུ་གཏོང་བ་དང་ཁེ་ཕན་ཉུང་དུ་གཏོང་ཤུགས་ཆེ་རུ་གཏོང་བ། དུས་ཡུན་རིང་དུ་སྲིང་པ་དང་། མུ་མཐུད་དུ་དངུལ་བུན་གཏོང་བ། དངུལ་བུན་འཇལ་ཐབས་ལེགས་སྒྲིག་བྱེད་པ་སོགས་བརྒྱུད་ནས། ཁེ་ལས་ཀྱི་དཀའ་ངལ་སེལ་བའི་ཕན་ནུས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་བྱེད་པོར་འགན་ལེན་བྱེད་པ་དང་། དཔལ་འབྱོར་བརྟན་འཇགས་ཡོང་བའི་ཁྲོད་ཐབས་ཤེས་མང་པོ་འཚོལ་བ་དང་བྱེད་ཐབས་མང་པོ་འདོན་དགོས། སྔར་ལས་ལྷག་པར་འདུ་ཤེས་དང་ལམ་སྲོལ། ཐོན་ལས་གསར་གཏོད། བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་ལས་ཕྱོད་མཐོ་རུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག ལས་སྒོ་རྒྱ་སྐྱེད་སོགས་ལ་མུ་མཐུད་དུ་ཤུགས་བསྣན་ནས་དངོས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དངུལ་རྩའི་ཉེན་ཁའི་ཉེན་ཟོན་སྔོན་བརྡ་དང་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་ཉེན་ཁ་སེལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ལྟར་ནུས་པ་ལྡན་པའི་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་མཐའ་གཅིག་ཏུ་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་སྲུང་དགོས།

ཝུའུ་ཞའོ་ཅུན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དངུལ་རྩའི་སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ་དང་། ཁྲིམས་སྐྱོང་འགན་ལེན་དང་ཡིད་རྟོན་འགན་ལེན་ལ་ཤུགས་སྣོན། ཞིབ་ཕྲའི་དོན་འཁྱོལ་དང་དཀའ་གནད་སེལ་བའི་བྱ་ཐབས་དོན་འཁྱོལ། དམ་ཟབ་ཀྱི་སྲིད་གཞུང་དང་དངུལ་ཁང་དང་ཁེ་ལས་བར་གྱི་འབྲེལ་བ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ་བཅས་བྱས་ཏེ། དངུལ་རྩའི་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་སྒོས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ཚོགས་འདུ་ལ་མགོ་འཛིན་བྱས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།