ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་རེ་ཞུ་ལ་ཆོག་མཆན་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། མཚོ་སྔོན་པོ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ4པའི་ཚེས25ཉིན། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཕྱིར་ལན་བསྐྱོན་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བར་ཆོག་མཆན་བཀོད། དེས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་དུས་རིམ་ནང་ཚུད་པ་མཚོན།

1.png

         མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ཞིང་། མདོ་དབུས་མཐོ་སྒང་གི་ཤར་བྱང་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་དང་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་གྱི་ཁོར་ཡུག་སྐྱེ་ཁམས་དོ་མཉམ་གྱི་ཆུ་ཁུངས་གལ་ཆེན་ཞིག་ཡིན། དེ་མིན། མཚོ་སྔོན་པོ་ནི་རྒྱལ་སྤྱིའི་དུས་ཚིགས་བྱ་རིགས་གནས་སྤོ་སའི་ས་ཚིགས་གཙོ་བོ་ཞིག་ཡིན་པར་མ་ཟད། དམིགས་བསལ་ཀྱི་སྐྱེ་ཁམས་མ་ལག་ཅིག་ཡིན། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་མཚོན་ན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་གནས་གསར་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།

2.jpg

        ཉེ་བའི་ལོ་འདི་གར། མཚོ་སྔོན་པོ་དོ་དམ་ཅུའུ་ཡིས་ཐོག་མཐའ་བར་དུ་སྐྱེ་ཁམས་སྲུང་སྐྱོབ་དེ་ཆབ་སྲིད་ཀྱི་ལས་འགན་ཐོག་མ་རུ་བཞག་ནས། དངུལ་གཏོང་དང་སྲུང་སྐྱོབ་བཅོས་སྐྱོང་གི་ཚད་ཇེ་ཆེར་བཏང་སྟེ། མཚོ་སྔོན་པོའི་མངའ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་བསྟུད་མར་སྐུལ་འདེད་བྱས། སྔ་རྗེས་སུ་རྩྭ་སའི་ཕྱོགས་བསྡུས་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ་དང་ཞིག་གསོ། ཕྱུགས་སྐྱུར་རྩྭ་འདེབས། རང་བྱུང་སྲུང་སྐྱོབ་རྩྭ་ས་འཛུགས་སྐྲུན་སོགས་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས། དེ་འདྲའི་ཧུར་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོ་རྒྱས་ཏེ་ཆུ་རྒྱུན་གྱི་སྤུས་ཀ་བརྟན་འཇགས་ཡིན་ལ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཚད་ཀྱང་ཇེ་ཆེར་ཕྱིན། དེ་མིན་སྣ་མང་རང་བཞིན་གྱི་སྐྱེ་དངོས་ཐོན་ཁུངས་སླར་གསོ་བྱས་ཚད་མགྱོགས་ཤིང་། ཁོར་ཡུག་གི་སྤུས་ཀའང་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད།

4.jpg

       ལྷག་པར2022ལོའི་ཟླ6པའི་ཚུན་ལ། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག “ཆེ་བ་གསུམ”ཞེས་པའི་ཞིང་ཆེན་གྱི་གནས་ཚུལ་དམིགས་འབེན་དང“གལ་ཆེན་གསུམ”ཞེས་པའི་འཐབ་ཇུས་གནས་བབ་བཙུགས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་བྱ་བ་གཙོ་བོ་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་བླངས་པ་རེད།

       དེའི་ཁྲོད། ཆུའི་ཐོན་ཁུངས་དང་ཆུའི་ཁོར་སྲུང་ཕྱོགས་ནས། 2021ལོར། མཚོ་སྔོན་པོ་རྒྱས་ཚད2017ལོ་དང་བསྡུར་ན2.9%ཡིས་འཕར་དེ། སྤྱི་ལེ་གྲུ་བཞི་མ4625.6ལ་བསླེབས་ཡོད།

5.png

        སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་ནས། བརླན་སའི་ཆུ་བྱའི་རིགས2017ལོའི་བྱ་རིགས92ནས་འཕར་ཏེ2021ལོར་བྱ་རིགས97ཡོད་ཅིང་། ཆུ་བྱའི་གྲངས་ཀ2017ལོའི་ཁྲི33.6ནས་ཁྲི57.1ལ་བསླེབས་ཡོད།

        མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་དམིགས་འབེན་ལས་འགན་གཙོ་བོར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡི་ཏང་ཙུའུ་ཁོངས་མི་དང་ཅུའུ་ཀྲང་ཟུར་པ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཟུར་པ་ཀའོ་ཅིང་ཡུས་ཡིས་བཤད་རྒྱུར། མཚོ་སྔོན་པོ་དོ་དམ་ཅུའུ་ཡིས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་སྒྲིག་གཞི་བཙུགས་པ་ནས་འཐུས་ཚང་དང་ཇུས་གཞི་ཞིབ་འཇུག་སྒྲིག་བཟོ། ཚན་རིག་ལྟར་རྟོག་ཞིབ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་མཐའ་འཁོར་གྱི་མངའ་ཁོངས་དང་ཡན་ལག་ས་ཁུལ་ཚན་རིག་ལྟར་གཏན་འབེབས་བྱེད་པ། སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད། འགལ་བ་རིམ་འདུམ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་ཤུགས་སྣོན། ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་བཟོ་བ། རྒྱལ་ཁབ་སྤྱི་གླིང་དྲིལ་སྒྲོག་ལ་ཤུགས་སྣོན་པ། སྤྱི་ཚོགས་ཟབ་ཞུགས་དང་སྒྲིག་གཞི་བཅས་ཕྱོགས་གསུམ་ནས་འཐུས་ཚང་བཏང་སྟེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལས་གཞི་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སྔ་མོ་ནས་དངོས་སུ་འཛུགས་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཟེར།

6.png

       སླད་མར། མཚོ་སྔོན་པོ་དོ་དམ་ཅུའུ་ཡིས་ཆུ་ཁོངས་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོབ་བྱ་བ་རྨང་གཞིར་བཟུང་སྟེ། ཆུའི་སྐྱེ་ཁམས་བདེ་འཇགས་རྩ་བར་འཛིན་པ་དང་། ཆུའི་སྐྱེ་ཁམས་མ་ལག་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་སློབ་སྟོན་དུ་འཛིན་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སྒྲིག་གཞི་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་པའི་དམིགས་འབེན་མངོན་འགྱུར་བྱེད་པ། སྤུས་ལེགས་ལྗང་མདོག་འཕེལ་རྒྱས་གཙོ་བོར་བཟུང་སྟེ། མཚོ་སྔོན་པོའི་ཆུ་ཁོངས་སྐྱེ་ཁམས་སྲུང་སྐྱོབ་སྤུས་ལེགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བྲི་དགོས། མཚོ་སྔོན་པོ་ཉིད་སྐྱེ་ཁམས་ལེགས་པོ་དང་ལྗང་མདོག་འཕེལ་རྒྱས། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་བསྐྲུན་ཐུབ་པར་ཧུར་བརྩོན་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་ཞུའོ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།