ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བར་དངོས་སུ་ཆོག་མཆན་ཐོབ་ནས་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བསྣན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཉེ་ཆར་མཆན་བཀོད་བཀའ་ལན་གནང་ཞིང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལས་དོན་སྤེལ་བར་ཆོག་མཆན་ཐོབ་པའི་སྟེང་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བ་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད། རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ལ་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་བྱེད་པ་དམིགས་འབེན་དུ་བཟུང་ནས། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་སྐྱེ་ཁམས་མཛའ་མཐུན་དང་། ལྗང་མདོག་འཕེལ་རྒྱས། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་སུ་བསྐྱོད། 

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་མ་དངུལ་གཏོང་བ་དང་སྲུང་སྐྱོང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། མཚོ་སྔོན་པོའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལ་མུ་མཐུད་སྐུལ་འདེད། རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་། འདམ་ར་སྲུང་སྐྱོང་དང་ཉམས་གསོ། སྐྱས་སྤོར་རྩྭ་སྐྱེས། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་སྔ་རྗེས་སུ་ལག་བསྟར་བྱེད་པར། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་སྔོན་པོའི་ཆུ་གསོག་ཚད་མང་དུ་ཕྱིན་པ་དང་། དེའི་རྒྱུད་ཀྱི་ཆུའི་སྤུས་ཚད་བརྟན་འཇགས་ངང་རྒྱུན་འཁྱོངས་བྱས་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་མཐོ་རུ་ཕྱིན་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མགྱོགས་མྱུར་གྱིས་སླར་གསོ་བྱུང་བ་དང་། ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད། འབྲེལ་ཡོད་སྡེ་ཁག་གིས་ཚན་རིག་དང་མཐུན་པའི་སྐྱེ་ཁམས་སྲུང་སྐྱོང་བྱ་ཐབས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་བྱས་པ་བརྒྱུད། ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི“གདུང་བཞི་ཀ་བརྒྱད”འཛུགས་སྐྲུན་བྱས་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀའོ་ཅིང་ཡུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། མཐུན་སྦྱོར་སྐུལ་འདེད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གསར་གཏོད་ཀྱི་ཇུས་གཞི་བཟོ་བར་ཞིབ་འཇུག་བྱེད་པ། ཚན་རིག་རྟོག་ཞིབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ས་མཚམས་ཀྱི་དབྱེ་བ་འབྱེད་པ། སྒྲིག་སྲོལ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ།  སྤྱི་ཚོགས་དང་སྒྲིག་གཞི་སོགས་ཀྱི་བྱ་བའི་བྱ་ཐབས་འཐུས་ཚང་དུ་བཏང་ནས། སྤུས་ཚད་མཐོ་བའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་དམ་འཛིན་བྱེད་པ་དང་། སྔ་མོ་ནས་དངོས་སུ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱས་ནས། མཚོ་སྔོན་པོའི་རླབས་རྒྱུན་མི་འཇགས་པ་རྒྱུན་འཁྱོངས་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།