ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྤྱི་གླིང་། རབ་མཛེས་མཚོ་སྔོན་གྱི་ཆེས་མཛེས་པའི་མིང་བྱང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཡུལ་ལྗོངས།

2.jpg

རི་དྭགས་གཙོད།

3.jpg

བྲག་ནག་མཚེའུ། 

དམིགས་བསལ་གྱི་ཡུལ་དུས་མཚམས་ཚིགས་ཀྱིས་གཏིང་ཟབ་ཅིང་བརྗེད་པར་དཀའ་བའི་ཕྱིར་དྲན་དག་བསླངས་ཡོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཚང་མ་ནི་མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་སུ་བརྟན་པོར་བཅིངས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་ཡོད།

མངགས་བཅོལ་གྱི་གསུང་སྐད་རེ་རེ་ནི་རྣ་བར་ལྷང་ལྷང་དུ་གྲགས་ལ། སྤོབས་པའི་འདུན་མ་ནི་གློ་བུར་དུ་ངང་གིས་སྐྱེས་ཡོང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཡག་པོར་ཁུར་ནས་སའི་གོ་ལའི་སྣེ་གསུམ་པའི་སྣོད་བཅུད་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལེའུ་གསར་པ།

2021ལོའི་ཟླ10པར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་རྒྱལ་ཡོངས་ཀྱི་སྐོར་དང་པོ་དང་ཨང་དང་པོར་ཚུད་ལ། རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་བ་དང་། ཁུལ་དབྱེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་མ་ཁྲི12.31ནས་སྤྱི་ལེ་གྲུ་བཞི་མ་ཁྲི19.07བར་ཆེ་རུ་ཕྱིན་ཞིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་ཡོད། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་ལ་ལྗིད་ཏིག་ཏིག་གི་རྒྱུགས་ལན་ཞིག་སྤྲད་ཡོད།

2016ལོར་ཕྱིར་དྲན་བྱེད་དུས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ནི་གཙང་བོའི་འབྱུང་ཡུལ་གྱི་ས་གཞི་ཆེན་མོར་ཁྱབ་གདལ་གཏོང་མགོ་ཚུགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ“རྒྱལ་ཁབ་རྟགས་ཅན”གྱི་སྒྱུར་བཅོས་བཟོ་འགོད་ནང་བཅུག་སྟེ། ཚོད་ལྟའི་ཇུས་གཞི་གཞིར་བཟུང་བློ་སྟོབས་ཆེན་པོས་སྒྱུར་བཅོས་གསར་གཏོད་བྱེད་པ་དང་། སྒྲིག་གཞི་གསར་གཏོད་དང་མ་ལག་བཅོས་སྐྱོང་། མཉམ་སྐྲུན་མཉམ་སྤྱོད། ཚན་རྩལ་འདེགས་སྐྱོར།ཁྲིམས་ལྟར་དོ་དམ་བཅས་མཐའ་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་གཞི་རིམ་གསར་གཏོད་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་པོ་དགུ་དང་མ་ལག་བཅོ་ལྔ། གཅིག་ཅན་དགུ་ཡི་གཙང་གསུམ་འབྱུང་ཡུལ་རྣམ་པ་ཆགས་པར་བྱས་ཡོད། ལག་ལེན་གྱི་གྲུབ་འབྲས་དང་ལམ་ལུགས་ཀྱི་གྲུབ་འབྲས། སྒྱུར་བཅོས་ཀྱི་གྲུབ་འབྲས། དམངས་ཕན་གྱི་གྲུབ་འབྲས་བཅས་གཡུར་དུ་ཟ་བ་ཐོབ་ཡོད།

ཞིང་ཆེན་དང་ཁུལ། རྫོང་། ཤང་། སྡེ་བ་བཅས་རིམ་པ་ལྔའི་ཕྱོགས་བསྡུས་དོ་དམ་དངོས་གཞི་བཙུགས་ནས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཅིག་བསྡུས་གཅིག་གྱུར་དོ་དམ་གྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། “སྡེ་ཚན་ཆེན་པོའི་ལམ་ལུགས”སྒྱུར་བཅོས་ལག་བསྟར་བྱས། རྒྱལ་ཁབ་རིམ་པས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་དང་པོ་སྟེ《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཡོངས་བསྒྲགས་བྱས་ཏེ། ཆེད་དམིགས་འཆར་འགོད5བཟོས་ནས་ལེགས་འགྲུབ་བྱུང་ལ། རང་རྒྱལ་གྱི་ས་གནས་ཀྱིས་ཁྲིམས་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་དང་པོའི་བཅའ་ཁྲིམས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་ལག་བསྟར་དང་། དོ་དམ་བྱེད་ཐབས13པར་འགྲེམས་བྱས་ཤིང་། 1+Nསྲིད་ཇུས་ལམ་ལུགས་མ་ལག་ཆགས་ཡོད། རིགས་སོ་སོའི་སྲུང་སྐྱོང་བྱ་ཡུལ་གྱི་བྱེད་ནུས་བསྐྱར་སྒྲིག་དང་ལེགས་སྒྱུར་སྡེབ་སྒྲིག་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་མངགས་བཅོལ་ཚབ་སྒྲུབ་ལམ་སྲོལ་གྱི་ཚོད་ལྟའི་ས་ཚིགས་སོགས་སྤེལ་ནས། ད་ཆ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་“ཅིའུ་ལུང་ཆུ་བཅོས”ཀྱི་དཀའ་གནད་ནུས་ལྡན་ངང་བསལ་བ་དང་། རྒྱལ་ཁབ་སྤྱི་གླིང་གི“གདུང་བཞི་ཀ་བརྒྱད”ཧུར་ཐག་གིས་བསྐྲུན་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་པོ་བཙུགས་ཡོད།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་གཉིས་ཁེའི་ལམ་བུ་འཚོལ་ཞིབ་བྱས། “དུད་ཚང་གཅིག་ལ་ལས་གནས་གཅིག”གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་གསར་གཏོད་བྱེད་པའི་རྨང་གཞིའི་ཐོག སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་འཕེལ་རྒྱས་ཧུར་ཐག་བཏང་ནས་འབྲོག་པ་མང་ཚོགས་ཚོས་བྱ་ཐབས་སྣ་མང་གི་ཐོག་ནས་གཉེར་སྐྱོང་བྱེད་སྒོ་སྤེལ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ། རྫ་ཆུའི་མགོ་ཁུངས་ཁུལ་གྱི་རྣམ་སྲས་གསའ་ལ་རང་བྱུང་ཉམས་ལེན་སོགས་དམིགས་བསལ་ཆོག་འཐུས་ཀྱི་གཉེར་སྐྱོང་རྣམ་གྲངས4མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་སོགས། རྒྱལ་ཁབ་སྤྱི་གླིང་གི་ཕན་ཁེ་ཇེ་ཆེར་བཏང་ནས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་བསོད་བསོད་ཀྱིས་དེ་སྔ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བརྙན་ལམ་ཐོག་ནས་ཁ་པར་བརྒྱབ་ཅིང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཞིག་གི་ངོས་ནས་བརྗོད་ན། ད་ལྟའི་གནས་ཚུལ་སྐོར་གླེང་སྐབས་ཁོང་གིས་ཡིད་ཆེས་ཆེན་པོས་ཉིན་ལྟར་སྐོར་སྲུང་བྱས་ནས་ཟླ་རེར་ཡོང་འབབ་བརྟན་པོ་ཡོང་གི་འདུག་ཟེར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་དང་གཙང་གསུམ་འབྱུང་ཡུལ་སྔར་བས་ཇེ་མཛེས་སུ་འགྲོ་ངེས་རེད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ།

ཁུང་ཆིང་གོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཨར་ཏའོ་ཡ་འགག་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་བཅའ་སྡོད་དོ་དམ་སྲུང་སྐྱོང་བ་ཞིག་ཡིན་ཞིང་། ལོ12རིང་བདག་སྐྱོང་ལས་དོན་སྤེལ་བའི་ཁྲོད། ཁོང་ལ་དྲན་ཤེས་ཟབ་ཤོས་ནི2017ལོར་ཡིན་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁྱོན་ཡོངས་ནས་བྱེད་མགོ་ཚུགས་ཡོད། 2018ལོར་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཞི་ཐན་ཤང་ལོ་ལུང་ཝན་སྡེ་བ་དེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་ཡུག་ཁུལ་གྱི“གྲོང་ཚོ་ཨུ་ལྷན+”ཟུང་འབྲེལ་གྱི་ཚོད་ལྟའི་སྡེ་བར་གྱུར་ཡོད། སྐབས་དེར་གྲོང་ཚོར་རིག་གནས་ཀྱི་བར་ཁྱམས་བསྐྲུན་པ་དང་སྐྱེ་ཁམས་སྲུང་སྐྱོང་ལ་མི་སྔར་ལས་མང་པོས་མཐོང་ཆེན་བྱེད་པའི་ཁར། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་ད་དུང་དགེ་རྒན་གྱི་ལས་ལས་འགན་གཅིག་ལྕོགས་སུ་འཁུར་ཏེ་རྟག་ཏུ་བྱིས་པ་ཚོར་སྐྱེ་ཁམས་རང་བྱུང་སློབ་ཚན་འཁྲིད་ཀྱིན་ཡོད། དུས་དེ་ནས་བཟུང། ཁོང་གིས་རང་ཉིད་ཀྱིས་སྲུང་སྐྱོང་བྱེད་པའི་ས་ཆ་དེ་སྲུང་སྐྱོང་ནན་མོ་བྱེད་པའི་ཁྲོད་དེ་བས་འབྱོར་ཕྱུག་ཅན་དུ་འགྱུར་བར་ཡིད་ཆེས་བརྟན་པོ་བྱས་ཡོད།

ད་ལྟ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། “ཡག་པོ་བཅུ”ཡི་རྒྱལ་ཁབ་སྤྱི་གླིང་དམིགས་ཚད་དུ་བྱས་ཏེ་ཚད་ལྡན་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་ཆ་ཚང་ཞིག་བཙུགས་ཡོད་པ་དང་། ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་སྤེལ་སྟངས་ཁྱབ་གདལ་བཏང་སྟེ། ཚད་གཞི་ཅན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས40ཚང་མ་བསྐྲུན་ཡོད། མཚོ་སྔོན་ཡུག་ཁུལ་གྱི“སྐྱེ་ཁམས་སྲུང་སྐྱོང་གི་མཐོ་ས་དང་། སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས། སྐྱེ་ཁམས་རིག་གནས་ཀྱི་མཐོ་ས”བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་བཞིན་ཡོད། གླེང་རིན་ཡོད་པ་ཞིག་ལ། རྒྱལ་ཡོངས་སུ“གྲོང་ཚོ་ཨུ་ལྷན+”ཀྱི་སྡེ་ཁུལ་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་སྟངས་གསར་གཏོད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་དྲིལ་སྒྲོག་སློབ་གསོ། དམངས་འཚོ་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་སྦྲེལ་ནས། མིག་སྔའི་བར་འབྲེལ་གཏུག་ས་ཚིགས་ཀྱི་སྡེ་བ20ལ་ཁྱབ་ཡོད།

དེ་དང་ཆབས་ཅིག འཆར་འགོད་ཚད་གཞི་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན། སྤྱི་ཚོགས་ཞུགས་པ། སྲུང་སྐྱོང་དོ་དམ། རང་བྱུང་སློབ་གསོ། རྨང་གཞིའི་འགན་ལེན། ཆ་འཕྲིན་ཅན་གྱི་དོ་དམ་ཚོད་འཛིན། དང་བླངས་ཞབས་ཞུ། དྲིལ་སྒྲོག་སློབ་གསོ་གསོ་སྦྱོང་བཅས་རོགས་འདེགས་མ་ལག་ཆེན་མོ་དགུ་ཡོད་པའི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད། མིག་སྔར་མདོ་ལ་རིང་མོའི་རི་འདབས་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་བར་རང་བྱུང་སློབ་གསོ་གཞི་རིམ་དུ་ཁྱབ་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་རྟགས་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

2021ལོ་ཁོ་ནར་ཟི་ལིང་གྲོང་ཁྱེར་གྱིས་བདུན་གཅིག་སློབ་ཆུང་དུ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གྲྭའི་སྒོ་བྱང་བཀལ་ནས་བཙུགས་ཏེ་སློབ་གྲྭ་འབྲིང་ཆུང11གི་རང་བྱུང་སློབ་གསོའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་། ཆི་ལེན་རྫོང་གི་རང་བྱུང་འགྲེལ་བཤད་མ་ལག་འཛུགས་སྐྲུན་ལག་བསྟར་བྱས་ཡོད། མིག་སྔར་ཁྱད་ཆོས་མངོན་གསལ་ལྡན་པའི་རང་བྱུང་སློབ་གསོའི་བསླབ་ཚན་ཁག9དང་། རང་བྱུང་སློབ་གསོའི་ཀློག་དེབ་ཁག12། རིག་གནས་གསར་གཏོད་ཀྱི་ཐོན་རྫས་དང་སློབ་ཁྲིད་ཡོ་བྱད་ཆ་ཚང40ལྷག་བཅས་གསར་སྤེལ་བྱས་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིབ་འཇུག་ལྟེ་གནས་ཀྱི་རང་བྱུང་སློབ་གསོ་ཡན་ལག་ལྟེ་གནས་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་བཙུགས་ཏེ། རང་བྱུང་སློབ་གསོའི་སློབ་ཚན་གསར་སྤེལ་དང་ཤེས་ལྡན་པ་བརྗེ་རེས་དང་གསོ་སྐྱོང་བྱས་ཡོད།

དེང་གི་མདོ་ལ་རིང་མོར་བལྟས་ཚེ། རི་རྒྱུད་གང་སར་ལྗོན་ཤིང་གིས་ཁེངས་ཤིང་། རྩྭ་གཡི་དང་། གསའ། གཡུ་དཀར་སོགས་ཀྱི་རྩ་ཆེའི་སྲོག་ཆགས་ལ་རྒྱུན་ཆད་མེད་པར་ལྟ་ཞིབ་ཚད་ལེན་དང་པར་ལེན་ཐུབ་ཡོད། རི་འདབས་སུ་མང་ཚོགས་བདེ་སྡོད་ལས་བརྩོན་དང་། སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བར་རྐང་བཙུགས་ཏེ་སྐྱེ་ཁམས་ཐོན་ལས་སྣ་མང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བར་དངོས་སུ་ཆོག་མཆན་ཐོབ།

ཕྱོགས་གང་སར་སྐད་གྲགས་ཆོད་པའི་མཚོ་སྔོན་པོ་རུ། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་མཐའ་འཁྱོངས་བྱས་པས། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད།

ཝུའུ་ཡུང་ལིན་ནི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཕུའུ་ཧྲི་དགོ་བ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་དང་། ཉིན་རྒྱུན་གྱི་ལས་ཀ་ནི་སྲུང་སྐྱོང་ས་ཚིགས་སུ་ཡོད་པའི་ཕུའུ་ཧྲི་དགོ་བར་ལྟ་སྐྱོང་དང་སྐོར་གཡེང་སྲུང་སྐྱོང་། ལྟ་ཞིབ་ཚད་ལེན། ལྟོ་ཆས་སྟེར་བ་བཅས་ཀྱི་ལས་ཀ་ཡིན་པ་མ་ཟད། ད་དུང་ལོ་རེར་ཕྲུ་གུ་སྐྱེ་བའི་དུས་སུ་དགོ་ཕྲུག་སྐྱེ་ལེན་བྱེད་པའི་འགན་འཁུར་གྱིན་ཡོད། མཚོ་སྔོན་པོའི་འགྲམ་དུ་ཝུའུ་ཡུང་ལིན་ལྟ་བུའི་ཆེད་ལས་སྲུང་སྐྱོང་མཁན་མང་པོ་ཡོད་པ་མ་ཟད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོ་ཀྱང་སྐྱེ་ཁམས་སྲུང་སྐྱོང་དཔུང་ཁག་ནང་ཞུགས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ཁུར་ཡོད།

2021ལོར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི10.85ཟིན་པ་དེ2020ལོ་དང་བསྡུར་ན་ཏུན་ཁྲི0.81ཇེ་མང་དུ་ཕྱིན་པ་དང་། ཕུའུ་ཧྲི་དགོ་བའི་གྲངས་འབོར2020ལོའི2700ལྷག་ནས2800ལྷག་བརཇེ་མང་དུ་ཕྱིན་ནས་སྲུང་སྐྱོང་བྱེད་མགོ་ཚུགས་སྐབས་ཀྱི་ལྡབ11ཙམ་ཟིན་ཡོད། ལོ་ཧྲིལ་པོའི་ཆུ་བྱའི་བསྡོམས་འབོར་ཁྲི57.1ཙམ་ཟིན་པ་དེ2020ལོ་དང་བསྡུར་ན23.3%མང་དུ་ཕྱིན་ནས2007ལོའི་ལྟ་ཞིབ་ཚད་ལེན་ཚུན་གྱི་མཐོ་ཤོས་སུ་སླེབས་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། མིག་སྔར་མཚོ་སྔོན་པོའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི“ཡོལ་བ་གཅིག་དང་ཁུལ་དྲུག ལས་སྟེགས་གཅིག”གི་འཕེལ་རྒྱས་བསམ་ཕྱོགས་དང་དམིགས་ཚད་བཏོན་ཡོད་པ་དང་། གཏན་འབེབས་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ》དང《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》གྱིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

མིག་སྔར་མཚོ་སྔོན་པོ་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྩ་བའི་བརྟག་དཔྱད་ཐེངས་དང་པོ་ལེགས་གྲུབ་ཟིན་པ་དང་།《མཚོ་སྔོན་པོ་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྩ་བའི་བརྟག་དཔྱད་སྙན་ཞུ》དང་དེ་བཞིན་འདམ་ར་དང་རྩྭ་ཐང་། ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སོགས་ཆེད་དོན་སྙན་ཞུ་སྒྲིག་བཟོ་ལེགས་གྲུབ་ཟིན་ནས། མཚོ་སྔོན་པོ་འབབ་རྒྱུད་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྩད་ཞིབ་གསལ་པོ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་རྨང་གཞི་སྲ་བརྟན་བཏང་ཡོད། སྒྲིག་བཟོ་བྱས་ཟིན་པའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་འཛུགས་སྐྲུན་ཇུས་གཞི་ལ་ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་ཡོད། སྐུལ་འདེད་ཏན་ཏིག་བཏང་བའི་ལས་དོན་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་ལས་དོན་ལ་དངོས་སུ་ཆོག་མཆན་ཐོབ་པ་རེད།

ད་ལྟ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅིངས་ནས། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གཏོད་པའི་བགྲོད་ལམ་སྟེང་མདུན་གྲལ་དུ་སླེབས་ཡོད།

སྔོ་ལྗང་རི་ཀླུང་མི་ཡིས་མ་བརླགས་ན། མི་ཡི་རེ་འདུན་དེ་ཡིས་ཆུད་མི་ཟ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།