ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་བཏང་བའི་ལས་གཞིའི་རྣམ་གྲངས་མགོ་བརྩམས་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་བཏང་བའི་ལས་གཞིའི་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད། 《སྲིད་གཞུང་གི་མ་དངུལ་གཏོང་བའི་སྲོལ་ཡིག》དང《ཀྲུང་དབྱང་གི་སྔོན་རྩིས་ནང་ནས་ཐད་ཀར་མ་དངུལ་གཏོང་བའི་རྣམ་གྲངས་དོ་དམ་བྱ་ཐབས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་ཉེ་བའི་ལོ་ལྔའི་རིང་གི་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་བཏང་བའི་ལས་གཞིའི་རྣམ་གྲངས་མགོ་བརྩམས་པའི་གནས་ཚུལ་བཀོད་གཏོང་བྱས་ཏེ་མ་དངུལ་གཤམ་སྤྲོད་དང་། རྣམ་གྲངས་ཁྱབ་ཁོངས། མ་དངུལ་གཏོང་བའི་ཆེད་དོན་སོགས་གཙོ་གནད་དུ་བཟུང་ནས་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལས་དོན་སྤེལ་ཞིང་། སྔོན་ལ་ཉེན་བརྡ་གཏོང་བ་དང་ལས་མགོ་རྩོམ་པར་ལྟ་སྐུལ་བཅས་བྱས་ནས། མ་དངུལ་བཏང་བའི་དངོས་རྫས་གྲངས་འབོར་གང་མགྱོགས་ཀྱིས་ཆགས་པར་བྱས། 

ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། ད་ལོ་ནས་བཟུང་ཀྲུང་དབྱང་སྔོན་རྩིས་ནང་ནས་མ་དངུལ་བཏང་བའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་མགོ་བརྩམས་པའི་གནས་ཚུལ་ཅུང་ལེགས་པས། ལས་མགོ་བརྩམས་མེད་པའི་རྣམ་གྲངས་སྔོན་ཆད་ལས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། ལས་མགོ་བརྩམས་པའི་གནས་ཚུལ་ལ་བལྟས་ན། 2017དང་། 2018ལོ། 2020ལོའི་ལོ་འཁོར་བཅས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་ནས་མ་དངུལ་བཏང་བའི་རྣམ་གྲངས་ཚང་མ་ལས་མགོ་བརྩམས་པ་དང་། 2019ལོའི་ལོ་འཁོར་གྱི་ལས་མགོ་བརྩམས་པའི་རྣམ་གྲངས904ཡོད་ལ། ལས་མགོ་བརྩམས་ཚད98.91%ཟིན་ཡོད། 2021ལོར་ལས་མགོ་བརྩམས་པའི་ལས་གཞིའི་རྣམ་གྲངས589དང་ལས་མགོ་བརྩམས་ཚད97.52%ཟིན་ཡོད། མ་དངུལ་བཏང་བའི་ཆེད་དོན་རིགས་ལ་བལྟས་ན། ས་ཁོངས་གལ་ཆེན་སྐོར་ཅིག་གི་འཕེལ་རྒྱས་འཐབ་ཇུས་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་དལ་བ་དང་། ཁོར་ཡུགཕྱོགས་བསྡུས་བཅོས་སྒྲིག་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གཞིའི་རྣམ་གྲངས་དང་ཆུ་གྲོན་ཆུང་གིས་ཞིང་ལ་ཆུ་འདྲེན་པའི་དེང་རབས་ཅན་གྱི་སྒྱུར་བཀོད་བཟོ་སྐྲུན་སོགས་མ་དངུལ་གྲངས་འབོར་ཅུང་མང་བའི་ལས་གཞིའི་རྣམ་གྲངས་སྐོར་ཅིག་གིས་དུས་ཡོལ་ནས་ལས་མགོ་བརྩམས་མེད་པའི་གནས་ཚུལ་བྱུང་ཡོད།

ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་བཏང་བའི་རྣམ་གྲངས་དོན་འཁྱོལ་ཡོང་བར་རྒྱུད་མཐུད་ངང་སྐུལ་འདེད་གཏོང་བ་དང་། ལས་གཞིའི་རྣམ་གྲངས་ཀྱིས་རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི“རྨང་འདིང”དང་“རྒྱབ་སྐྱོར་ཤུགས་ཆེན”བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱ་བའི་གནས་ཚུལ་གྲོང་ཁྱེར(ཁུལ)སོ་སོའི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ལ་པར་འགྲེམས་བྱ་རྒྱུ་མ་ཟད། གྲོང་ཁྱེར(ཁུལ)སོ་སོའི་མི་དམངས་སྲིད་གཞུང་ལ་བཤུས་འབུལ་བྱ་རྒྱུ་རེད། གྲོང་ཁྱེར(ཁུལ)སོ་སོའི་འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་དང་། འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག འཛུགས་སྐྲུན་ལས་ཁུངས་བཅས་ཀྱིས་ལས་དོན་སྤེལ་ཤུགས་སྔར་ལས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ལས་གཞིའི་རྣམ་གྲངས་ལ་མ་དངུལ་བཏང་བའི་འཆར་གཞི་གཞིར་བཟུང་ཁྱབ་བསྒྲགས་བྱས་རྗེས་ཀྱི་ཟླ་བ་དྲུག་ནང་ངེས་པར་དུ་དུས་ཚོད་ལྡོག་རྩིས་དང་མིང་བྱང་འགལ་བའི་དམག་འཐབ་ཀྱི་ལས་མགོ་རྩོམ་དགོས་ལ། འཛུགས་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ལ་མཐུན་སྦྱོར་དང་དོན་འཁྱོལ། ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་ཀྱི་གནད་དོན་ཐག་གཅོད། ལས་གཞིའི་རྣམ་གྲངས་དུས་བཀག་ལྟར་ལས་མགོ་རྩོམ་པར་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་གཏོང་བའི་ཆེད་དམིགས་རེ་ཞུ་བྱེད་སྐབས“དགོས་ངེས་དང་། འཕེལ་རིམ་སྔོན་ལ་འཇོག་པ། དོ་སྙོམས་ལ་ལྟ་རྟོག་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ནས། དུས་མགོའི་ལས་དོན་ནན་ཏན་གྱིས་བསྒྲུབས་ནས་འཛུགས་སྐྲུན་བྱེད་པའི་མྱུར་ཚད་མགྱོགས་པའི་ལས་གཞིའི་རྣམ་གྲངས་སྔོན་ལ་གདམ་གསེས་བྱས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནུས་པ་ལྡན་པའི་བྱ་ཐབས་སྤྱོད་པ་དང་། ལས་གཞིའི་རྣམ་གྲངས་ཀྱི་དུས་མགོའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ཀྱིས་སྤེལ་བར་ཁྲིད་སྟོན་དང་རྣམ་གྲངས་ལག་བསྟར་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་བཏང་བའི་ཕན་འབྲས་ལེགས་པར་འདོན་སྤེལ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།