ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་འབྱུང་ཡུལ་ནས་རྣམ་སྲས་བར་གྱི་མཛེས་ལྗོངས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྭངས་གཙང་གི་གཙང་གསུམ་འབྱུང་ཡུལ།

ཟླ་གསུམ་པར། ཟི་ལིང་ཚའོ་ཅ་པའོ་གནམ་གྲུ་ཐང་ནས་གནམ་གྲུར་བསྡད་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་སྐབས། གནམ་གྲུའི་སྒེའུ་ཁུང་ནས་བལྟས་ན། མིག་ལམ་དུ་མངོན་པ་ནི་རིམ་པ་ལྟར་ཕྲེང་བསྒྲིགས་པའི་ཐོག་ཁང་ཆེན་མོ་དང་སྔོ་བསངས་བསངས་ཀྱི་ནམ་མཁའ། མུ་མཐའ་བྲལ་བའི་སྤྲིན་དཀར་གྱི་ཐང་ཆེན། གཅིག་ནས་གཅིག་ཏུ་འབྲེལ་བའི་རི་རྒྱུད། འཕྲེད་གཞུང་དུ་བཞུར་བའི་གཙང་པོ། སྐར་ཚོགས་ལྟར་བཀྲ་བའི་མཚེའུ་སོགས་རེད། དེ་དག་མཐོང་བའི་མོད་ལ་ཁྱེད་ཀྱི་སེམས་སུ་ཐེངས་འདིའི་འགྲུལ་བཞུད་དོན་དང་ལྡན་ཞིང་། ཡུལ་འདི་ནི་མི་བགྲང་ལས་འདས་པ་ཞིག་གི་བསམ་འདུན་དུ་སྦྲུམ་པའི་སྙན་ངག་དང་རྒྱང་རིང་དེ་རེད་སྙམ་འོངས།

དུས་ཚོད་གཅིག་ལྷག་ལ་འཕུར་རྗེས། གནམ་གྲུ་ཡུས་ཧྲུའུ་དཔལ་ཐང་གནམ་གྲུ་ཐང་དུ་བབས། སྔོ་བསངས་བསངས་ཀྱི་ནམ་མཁའ་དང་དྭངས་གཙང་གི་ཆུ་བོ། རྔམ་བརྗིད་ཀྱི་གངས་རི་བཅས་ཡུས་ཧྲུའུ་ཐོག་མར་མཐོང་དུས་མི་སེམས་རབ་ཏུ་སྒུལ་བར་བྱེད།

ཡུས་ཧྲུའུ་ནི་མདོ་དབུས་མཐོ་སྒང་གི་པང་དུ་གནས་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་ས་ཁོངས་རེད། ཡུས་ཧྲུའུ་ཡི་ཡུལ་ཁོངས་ན་བགྲང་གིས་མི་ལང་བའི་མཛེས་ལྗོངས་དང་རི་དྭགས་རྩ་ཆེན་དང་རྩི་ཤིང་གི་ཐོན་ཁུངས་ཡོད་ལ། ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་གོམས་སྲོལ་དང་དམངས་སྲོལ་ཡང་ཡོད།

གཙང་གསུམ་འབྱུང་ཡུལ། དྭངས་གཙང་ཡུས་ཧྲུའུ། ཡུས་ཧྲུའུ་ཡི་ཆེས་མཛེས་པའི་ས་ཆ་ནི་གང་ཞིག་ཡིན་ནམ་ཞེ་ན། མི་མང་པོ་ཞིག་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྣམ་སྲས་གྲོག་རོང་ཆེན་མོ་ཞེས་པའི་ས་ཆ་ཞིག་འོས་སྦྱོར་བྱེད་སྲིད། ཡུལ་དེ་ནི་རྒྱལ་ཁབ་ཀྱི་རིགས་དང་པོའི་སྲུང་སྐྱོབ་རི་དྭགས་གསའ་ཡི་འཚོ་གནས་རེད། རྣམ་སྲས་གྲོག་རོང་ཆེན་མོའང་གསའ་ལ་བརྟེན་ནས་མིང་དུ་གྲགས་པ་རེད།

གྲོག་རོང་ཆེན་མོ་དེ་ནི་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་དུ་གནས་ལ། ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི4000ཡོད། ལྷུང་ལྷུང་དུ་འབབ་པའི་རྫ་ཆུ་ནི་གྲོག་རོང་དེ་བརྒྱུད་ནས་རྒྱལ་ཁབ་གཞན་ལ་བཞུར་ཏེ་ཨེ་ཤ་ཡ་ལྷོ་མ་བརླན་གྱིས་སྐྱོང་བཞིན་ཡོད།

རྣམ་སྲས་གྲོག་རོང་ཆེན་མོ་རུ་གནའ་བོའི་གདོད་མའི་ནགས་ཚལ་དང་མཐོ་སྒང་གྲང་འཁྱགས་ཀྱི་སྤང་ཐང་ཡོད་པར་མ་ཟད། བྲག་དམར་གྱི་ཐུན་མོང་མ་ཡིན་པའི་ས་གཤིས་མཛེས་ལྗོངས་ཀྱི་བ་དན་ཕྱོགས་བཞིར་གཡོ་བཞིན་ཡོད།

རྣམ་སྲས་བྲག་དམར་གྱི་ས་དབྱིབས་སྣ་ཚོགས་ཤིང་། བརྗིད་ཆགས་མཛེས་སྡུག་ལྡན་པས་གཙང་གསུམ་འབྱུང་ཡུལ་གྱི་ཆེས་ཐུན་མོང་མ་ཡིན་པའི་རང་བྱུང་ལྗོངས་ཁུལ་ཡིན། བྲག་དམར་ས་གཤིས་ཀྱིས་གྲུབ་པའི་སྐྱེ་ཁམས་སྣ་མང་རང་བཞིན་ལ་བརྟེན་ནས་རྣམ་སྲས་གྲོག་རོང་ཆེན་མོར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་སྐྱེ་དངོས་ཚན་རིག་ཞིབ་འཇུག་གི་རིན་ཐང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རིན་ཐང་ལྡན།

ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གཙང་གསུམ་འབྱུང་ཡུལ་མི་དམངས་ཀྱིས་འཛམ་གླིང་ལ་བཞག་པའི་དམ་བཅའ་རེད། ད་ལྟ་རྣམ་སྲས་ཞང་དུ་ཁོར་ཡུག་ལྟ་སྲུང་པ1516ཡོད་ལ། ཁོ་ཚོས་སྤྱི་ལེ་གྲུ་བཞི་མ1300ཡི“གངས་རིའི་སྒོ་ཕྱུགས”གསའ་བཅུ་ཕྲག་འགའ་ཡི་ཁྱིམ་གཞིས་བསྲུངས་དང་སྲུང་བཞིན་ཡོད།

རྣམ་སྲས་ཀྱི་སྐྱེ་ཁམས་ཉམས་ལེན་ཡུལ་སྐོར།

དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། ། ཞེས་པ་ལྟར། འཛམ་གླིང་གི་གསའ་ཆེས་ཕྱོགས་བསྡུས་སྒོས་འཚོ་བའི་ས་ཁུལ་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་ལ། རྣམ་སྲས་ཤེས་མཁན་གྱི་མི་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ། མི་རྣམས་ཀྱིས་རྣམ་སྲས་ལ་དགའ་བོ་བྱེད་ཀྱིན་འདུག

2018ལོར། རྣམ་སྲས་ཞང་གིས་རང་བྱུང་ཉམས་ལེན་གྱི་ལས་གཞི་མགོ་བརྩམས། 2019ལོའི་ཟླ3པར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད། རྣམ་སྲས་ཞང་གི་འབྲོག་ཁྱིམ22ཀྱིས་ཡུལ་སྐོར་པ་སྣེ་ལེན་བྱེད་མགོ་བརྩམས་པས། རྒྱང་རིང་གི་རྣམ་སྲས་དེའང་དེ་འདྲའི་ཐག་རིང་ཞིག་མིན་པའི་སྣང་བ་བྱུང་། སྐྱེ་ཁམས་དང་རི་དྭགས་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོར་དམིགས་ན་ད་ལྟའང་རྣམ་སྲས་ལ་ཡོང་རྒྱུ་དེ་སྔར་བཞིན་ལས་སླ་མོ་ཞིག་མིན། རྣམ་སྲས་ལ་སོང་སྟེ་རང་བྱུང་ཁམས་ལ་ཉམས་ལེན་བྱེད་འདོད་ཀྱི་ཡུལ་སྐོར་པས་ཐོག་མར་དྲ་ཐོག་ནས་དུས་བཅད་བགོ་བ་དང་། ཡུལ་དེའི་སྲིད་གཞུང་འཐད་པ་བྱུང་རྗེས། ད་གཟོད་སྐོར་ཁག་བགོ་བ་དང་རྩ་འཛུགས་ཡོད་པའི་སྒོ་ནས་རྣམ་སྲས་ལ་སོང་ཆོག རྣམ་སྲས་ལ་ཐོན་རྗེས། ཡུལ་དེའི་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་ཁྱེད་རང་ཁྱིམ་དུ་བསུ་བ་ཡིན་ལ། ཁོ་ཚོའི་སྣེ་ལེན་འོག་ཏུ་ཁྱེད་ཀྱིས་རང་བྱུང་སྐྱེ་ཁམས་ལ་རོལ་མྱོང་བྱེད་ཆོག་པར་མ་ཟད་གསའ་ལའང་འཕྲད་ཐུབ།

འདི་ལྟ་བུའི་བརྩི་བཀུར་དང་འདི་ལྟ་བུའི་བྱེད་ཐབས་ཡོད་པའི་རྐྱེན་གྱིས་ད་ལྟའི་རྣམ་སྲས་ཀྱི་རང་བྱུང་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་སོང་ཡོད། ལོ་འདི་འགའི་རིང་ལ། རྣམ་སྲས་གྲོག་རོང་ཆེན་མོའི་ནང་དུ་བསྡོམས་པས་གསའ82དང་གསའ་སེར14བརྙན་དུ་ཕབ་ཡོད། དེར་མ་ཟད་ཤྭ་བ་མཆུ་དཀར་དང་གནའ་བ། དྲེད་མོང་། ཝ་དམར། ཝ་མོ་སོགས་རི་དྭགས་སྣ་ཚོགས་ཡུལ་དེའི་གནས་གང་ནས་ཀྱང་མཐོང་ཐུབ།

གཙང་གསུམ་འབྱུང་ཡུལ་དུ་མིག་གིས་མཐོང་བ་ཐམས་ཅད་མཛེས་ལྗོངས་ཡིན། གཙང་གསུམ་འབྱུང་ཡུལ་ནི་འཇིག་རྟེན་ན་སྙན་གྲགས་ཆེ་བའི་ཀྲུང་ཧྭའི་ཆུ་ལྕོག་ཡིན་པས། ཡུལ་དེའི་མཛེས་ལྗོངས་ཕལ་ཆེ་བ་ཆུ་དང་འབྲེལ་བ་ཡོད། ཡུལ་དེ་རུ་མཚེའུ་སྐར་ཚོགས་བཀྲ་བ་བཞིན་དུ་ཁྱབ་ཅིང་། གནམ་དུ་ཟུག་པའི་གངས་འཁྱགས་དང་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ཀྱིས་ས་ཁུལ་དེ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཡུལ་ལ་གྱུར་ཡོད།  

“བདག་གིས་མ་མཐོང་བ་ནི་རྨ་ཆུའི་ཀླུང་རྒྱུན་ཨ་སྔོན་གནམ་ནས་བབས་ཏེ་རྒྱ་མཚོར་དྲག་ཏུ་འབབ་ཅིང་ཕྱིར་མི་ལྡོག་པ་དེ་རེད།”ལིས་པེ་ཡི་སྙན་ངག་འདིས་གནའ་མི་རྣམས་ཀྱིས་རྨ་ཆུའི་མགོ་ཁུངས་གཏུགས་པའི་བསམ་པའི་འཆར་སྒོ་མཚོན་ཡོད། རྨ་ཆུའི་ཀླུང་རྒྱུན་ཨ་སྔོན་གནམ་ནས་བབས་པ་མིན་པ་སུས་ཀྱང་རྟོགས། རྫ་སྟོད་རྫོང་དང་བར་ཐག་སྤྱི་ལེ200ལྷག་གིས་ཆོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་ནི་རྨ་ཆུའི་མགོ་ཁུངས་ཡིན།

རྨ་ཆུའི་སྤྱིའི་རིང་ཚད་ལ་སྤྱི་ལེ5464ཡོད་ལ། རྨ་སྟོད་རྫོང་ནས་མགོ་བརྩམས་ཏེ་ཤར་ཕྱོགས་སུ་བཞུར་གྱིན་ཡོད། མཐོན་པོ་རི་ནས་འབབ་ཅིང་རྩྭ་ཐང་བརླན་གྱིས་སྐྱོང་བ་དང་། གྲོག་རོང་ཐད་ཀྱིས་བཅད་དེ་མཚོ་ཤར་གྲོང་ཁྱེར་མེན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་ཞིང་ཆེན་གཞན་དུ་བཞུར་གྱིན་ཡོད། མཚོ་སྔོན་ཡུལ་ཁོངས་ཀྱི་ཆུ་ལག་གཙོ་བོའི་སྤྱིའི་རིང་ཚད་ལ་སྤྱི་ལེ1694དང་བཞུར་རྒྱུན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི15.23ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་རྫོང་དང་ཆུས30བརྒྱུད་བཞིན་ཡོད་ལ། དེས་རྨ་ཆུའི་བཞུར་རྒྱུན་གྱི་ཆུའི་ཐོན་ཁུངས་སྤྱི་གྲངས་ཀྱིས49%ཟིན་ཡོད། མཚོ་སྔོན་དུ་ཁྱེད་ཀྱིས་ཆེས་དྭངས་མོའི་རྨ་ཆུའི་ཆུ་མོ་མཐོང་བའི་སྐབས་སུ། རྨ་ཆུ་སྟོད་རྒྱུད་ནས་གསར་དུ་བཏོད་པའི་མི་ཆོས་རིག་གནས་ཀྱི་ཡུལ་སྲོལ་ཚོར་ཐུབ་ལ། དྲག་ཏུ་འབབ་པའི་ཆུ་མོ་འདིའི་དཀྱོགས་མཚམས་མང་པོའི་ཁུགས་སོ་ཡིས་གྲུབ་པའི་འཇིག་རྟེན་ན་དཀོན་པའི་མཛེས་ལྗོངས་ཀྱང་མཐོང་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།