ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚོགས་པའི་ཚུན། རང་ཞིང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་དགུས་ཞིང་སྡེའི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་དང་། སྡོད་ཁང་འགན་སྲུང་དང་འདོན་སྤྲོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་གནས་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་སྐུལ་འདེད་གཏིང་ཟབ་ཏུ་བཏང་བ་དང་། གྲོང་རྡལ་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་དང་གནས་ལ་འཚམ་པའི་རང་བཞིན་ཇེ་མཐོར་གཏོང་བར་ཤུགས་བསྣན་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གྲོང་རྡལ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས། 

ལོ་ལྔའི་རིང་། རང་རེའི་ཞིང་ཆེན་གྱིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། སྤྱི་པའི་བོགས་གཏོང་ཁང་བའི་ཞུགས་འཐུས་དང་བགོ་བཤའ། གཉེར་སྐྱོང་བཅས་ཀྱི་དོ་དམ་ཚད་ལྡན་དུ་བཏང་སྟེ། བསྡོམས་པས་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི11.08བསྒྱུར་བཀོད་བྱས་པ་དང་། གྲོང་རྡལ་གྱི་གཞིས་ཁུལ་རྙིང་བ་ཁྲི15.24བསྒྱུར་བཀོད་བྱས་ལ། གླ་གཏོང་སྡོད་ཁང་ཁྱིམ་ཚང་ཁྲི30.73ལ་འགན་སྲུང་བྱས་ཏེ། ཁྱིམ་ཚང་ཁྲི12.77ལ་སྡོད་ཁང་བོགས་གཏོང་ཁ་གསབ་རྩིས་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འགན་སྲུང་བྱེད་དགོས་རིགས་ཡོངས་སུ་འགན་སྲུང་བྱས་ནས། ཁོར་ཡུག་གཙང་སྤྲ་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་ཞབས་ཞུའི་ལས་རིགས་དང་དེ་བཞིན་གསར་དུ་ལས་ཞུགས་བྱས་པའི་ལས་བཟོ་བ། ཕྱི་ནས་ཡོང་བའི་ཞོར་ལས་པ་སོགས་གྲོང་མིའི་ཚོགས་སྤྱི་གསར་པའི་དུས་མཚམས་རང་བཞིན་གྱི་སྡོད་ཁང་གི་དཀའ་ངལ་འགན་སྲུང་གང་ལེགས་བྱས། གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ39.2ཟིན་པ་དང་། སྡོད་ཁང་གཞིས་ཁུལ་གྱི་སྡེ་ལས་ཞབས་ཞུ་ཁྱབ་ཚད70%ཡན་ཟིན་ནས། གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་སྤུས་ཚད་དང་འཚོ་སྡོད་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ལ། སྲིད་གཞུང་གཙོ་བྱས་པའི་གཞི་རྩའི་འགན་སྲུང་དང་ཁྲོམ་ར་གཙོ་བྱས་པའི་རིམ་པ་མང་བའི་སྡོད་ཁང་མཁོ་སྤྲོད་མ་ལག་རགས་ཙམ་སྐྲུན་ཡོད།

ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་རོང་འབྲོག་པའི་ཉེན་ཡོད་སྡོད་ཁང་རྙིང་པ་ཁྲི20བསྒྱུར་བཀོད་བྱས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་རོང་འབྲོག་པའི་སྡོད་ཁང་བདེ་འཇགས་འགན་སྲུང་གི་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་བྱས། ཚགས་འཛུགས་བྱང་སྒྲིག་ཁྱིམ་ཚང་དབུལ་བོའི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་ལས་འགན་ལོ་གཅིག་སྔ་སྣུར་དུ་ལེགས་འགྲུབ་བྱས་ཡོད། དེ་དང་ཆབས་ཅིག་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བས། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ39ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་བླང་བྱ་ལྟར་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་བཀོད་པ་གཅིག་གྱུར་གྱིས་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་གྲོང་གསེབ་ཏུ་རྒྱ་སྐྱེད་པར་སྐུལ་འདེད་བཏང་། བསྡོམས་པས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ1500འཛུགས་སྐྲུན་བྱས་པས། མཛེས་སྡུག་ལྡན་ཞིང་གནས་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་སྡེ5ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་སྡེ་གྲགས་ཅན་དུ་ཚུད་པ་དང་། གྲོང་སྡེ123ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོ་རུ་ཚུད་ཡོད། 

རང་ཞིང་གིས་གྲོང་རྡལ་གྱི་འཕེལ་རྒྱས་བྱེད་སྟངས་མགྱོགས་མྱུར་གྱིས་བསྒྱུར་ཏེ། གྲོང་རྡལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བ་དང་། བསྡོམས་པས་མཛེས་སྡུག་ལྡན་པའི་གྲོང་རྡལ2འཛུགས་སྐྲུན་བྱས་ལ། གཞུང་ལམ་ཟམ་པ་དང་ཆུ་འདོན་ཆུ་འབུད། སོལ་རླངས་དྲོད་འདོན། གད་སྙིགས་དང་བཙོག་ཆུ།སྐྱེད་ཚལ་ལྗང་སྒྱུར་སོགས་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་སྔ་གཞུག་ཏུ་སྐྲུན་པ་དང་། ས་འོག་གི་ཕྱོགས་བསྡུས་མདོང་ལམ་དང་།འགྱིག་སོབ་གྲོང་ཁྱེར། གྲོང་ཁྱེར་ཇུས་འགོད། གྲོང་ཁྱེར་བརྟག་དཔྱད་སོགས་རྒྱལ་ཁབ་ཀྱི་ཚོད་ལྟའི་རྣམ་གྲངས་ལ་སྐུལ་འདེད་བཏང་། ཞིང་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ། ལྗང་མདོག་དང་གནས་ལ་འཚམ་པ། མཉེན་ཆ་ལྡན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ། རིག་ནུས་བཅས་འབུར་དུ་ཐོན་ཏེ། རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན་དང་པུའུ་ཡིས“མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན”བསྐྲུན་པར་སྐུལ་འདེད་བཏང་ནས། དུས་རབས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་བཅས་ལྡན་པའི་གྲོང་རྡལ་གྱི་འཕེལ་རྒྱས་ལམ་བུའི་སྟེང་ཧུར་ཐག་གིས་བསྐྱོད་དེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་རེད།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།