ཀྲུང་གོ་བོད་ཀྱི་དྲ་བ།

འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱིས་ཞིང་ཆུ་འདྲེན་པར་འགན་སྲུང་ལེགས་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱིས་བསྟུད་མར་ཉིན་བཞི་བཅུ་ལྷག་ལ་མཚོ་ཤར་གྲོང་ཁྱེར་དུ་ཆུ་དྲངས་ཏེ། ས་ཁུལ་ཁ་ཤས་ཀྱི་ཐན་སྐྱོན་ཕན་ནུས་ལྡན་པར་སེལ་ནས། ཧུའུ་ཀྲུའུ་ཧོར་རིས་རང་སྐྱོང་རྫོང་དང་ལི་ཏུའུ་ས་ཁུལ་སོགས་ཀྱི་ཞིང་ཆུ་འདྲེན་པར་འགན་སྲུང་བྱས།

ཆུ་འདྲེན་པའི་སྐབས་སུ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུའི་ཐོན་ཁུངས་བཀོད་སྒྲིག་ཞབས་ཞུ་ལྟེ་གནས་ཀྱིས་རང་འགུལ་ཅན་གྱི་བཀོད་སྒྲིག་གཅིག་གྱུར་དོ་དམ་གྱི་རྨང་གཞིའི་སྟེང་། ཁ་པར་དང་སྐད་འཕྲིན་སོགས་ལེགས་པར་བཀོལ་ནས། ས་ཁོངས་ཀྱི་ཆུ་བེད་སྡེ་ཁག་དང་བཟོ་སྐྲུན་དོ་དམ་སྲུང་སྐྱོབ་མི་སྣར་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། བཟོ་སྐྲུན་གྱི་འཁོར་སྐྱོད་དང་ཆུ་འདྲེན་ཆུ་བཀོལ་གྱི་གནས་ཚུལ་ལ་རྒྱུས་ལོན་གནད་དུ་འཁེལ་བ་བྱས། དོ་དམ་སྲུང་སྐྱོབ་མི་སྣས་བཟོ་སྐྲུན་སྐོར་ཞིབ་ལ་ཤུགས་བསྣན་ཏེ། པར་དང་བརྙན་རིས་སོགས་ཀྱི་ལམ་ནས་གནས་པའི་གནད་དོན་དུས་ལྟར་ཡར་ཞུ་བྱས་པར་མ་ཟད། གནད་དོན་གྱི་གསལ་ཁྲ་བཀོད་པ་དང་། ནུས་ལྡན་གྱི་ཐག་གཅོད་བྱེད་ཐབས་གཏན་ཁེལ་བྱས་ཏེ། ཡན་ལག་ཆུ་རྐ་ཁ་ཤས་ཀྱི་ཆུ་སྒོ་ལས་ཆུ་འཛར་བའི་གནད་དོན་ཐག་གཅོད་པར་རྒྱང་བསྟེན་མཛུབ་སྟོན་བྱས་པ་དང་། མི་སྣ་རྩ་འཛུགས་བྱས་ཏེ་ཆུ་འདོན་སྒྲིག་ཆས་ཞིག་གསོ་བྱས། མིག་སྔར་ཉིན་རེར་ཆུ་རྒྱ་དཔངས་སྨི་ཁྲི་བརྒྱད་དང་སྟོང་དྲུག་བཞི་བརྒྱད་གཏོང་བཞིན་ཡོད་ལ། ཆུ་རྒྱ་དཔངས་སྨི་ས་ཡ་གསུམ་དང་འབུམ་བཞི་ཁྲི་ལྔ་སྟོང་དྲུག་རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་ཞིང་སར་དྲངས་ཟིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།