ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བརྒྱད་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོར་ཟླ6པའི་ཚེས1ཉིན་ནས་བཟུང་མིང་ཐོ་བཀོད་ཆོག

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས6ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་གསལ་ལྟར་ན། 2022ལོའི་དམངས་འཚོའི་དངུལ་ཁང་བུམ་པའི་སྐབས་བརྒྱད་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོར་ཟླ6པའི་ཚེས1ཉིན་ནས་བཟུང་མིང་ཐོ་འགོད་འགོ་རྩོམ་རྒྱུ་རེད།

ཐེངས་འདིའི་འགྲན་བསྡུར་གྱིས“གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་ལས་གཏོད་ཀྱིས་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲན་བསྡུར་ལ་ཚོགས་པའི་བྱ་དགའ31དང་། ཐོག་མའི་ལས་གཏོད་ཀྱི་ཁེ་ལས་བྱ་དགའ10། འཚར་ལོངས་ཁེ་ལས་ཀྱི་བྱ་དགའ10། ཕུལ་བྱུང་རྩ་འཛུགས་བྱ་དགའ14བཅས་བཙུགས་ཡོད་པ་དང་། འགྲན་བསྡུར་ལ་ཁྱོན་བྱ་དགའི་དངུལ་སྒོར་ཁྲི48ཡོད། འགྲན་བསྡུར་ནང་ཞུགས་མཁན་ཚན་ཆུང་ལ་ཚོགས་པའི་ཚན་ཆུང་དང་། ཐོག་མའི་ལས་གཏོད་ཀྱི་ཁེ་ལས་ཚན་ཆུང་། འཚར་ལོངས་ཁེ་ལས་ཚན་ཆུང་བཅས་སུ་དབྱེ་ཡོད་ལ། ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན། རྒྱལ་ཕམ་ཐག་གཅོད་འགྲན་བསྡུར། རྒྱལ་ཡོངས་འགྲན་བསྡུར་བཅས་རིམ་པ་བཞིའི་འགྲན་བསྡུར་བཙུགས་ཡོད། ཚོགས་པའི་ཚོགས་ཆུང་གི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས1ཉིན་ནས་ཚེས15ཉིན་བར་ཡིན་པ་དང་།ཐོག་མའི་ལས་གཏོད་ཁེ་ལས་ཚན་ཆུང་དང་འཚར་ལོངས་ཁེ་ལས་ཚན་ཆུང་གི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས23ཉིན་ནས་ཚེས་30ཉིན་བར་ཡིན། ཚོགས་པ་དང་ཁེ་ལས་ཚན་ཆུང་ཁག་བགོས་ཀྱི་འགྲན་བསྡུར་ནང་། འགྲན་ཞུགས་རྣམ་གྲངས་གཙོ་བོ་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་དང་། སྐྱེ་དངོས་སྨན་རྫས། རྒྱུ་ཆ་གསར་པ། ནུས་རྒྱུ་གཙང་མ། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ། སྐྱེ་ཁམས་རིག་གནས་ཡུལ་སྐོར། སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ལ་དམིགས་ཡོད།

འགྲན་བསྡུར་འདི་ལོ་བདུན་རིང་སྤེལ་པ་བརྒྱུད་རིམ་རྩིས་བྱས་ན་འགྲན་བསྡུར་ནང་ཞུགས་མཁན་གྱི་རྣམ་གྲངས2849ཡོད་པ་དང་། དེ་ལས་ཕུལ་བྱུང་གསར་གཏོད་ལས་གཏོད་རྣམ་གྲངས285བདམས་ཡོད། མིག་སྔར་འགྲན་ཞུགས་སློབ་ཆེན་སློབ་མའི་ཁེ་ལས་ཁྲོད་ཀྱི་ཁེ་ལས11རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་སུ་གྱུར་པ་དང་། ཁེ་ལས13རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དུ་གྱུར་ལ། ཁེ་ལས24ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་སུ་གྱུར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།