ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས8ཉིན་གྱི་དུས་ཚོད18གི་སྟེང་། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་སྨན་བཅོས་སྲོག་སྐྱོབ་ཚན་ཆུང་དང་། ལོགས་བཀར་དོ་དམ་ཚོད་འཛིན་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཀུའོ་ཝེ་ཡིས་པྲོག་གསར་གློ་ཚད་ནད་དུག་གི་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ་དང་། ཧོང་ཡོན་རྫོང་མཁར་ནུབ་ཁུལ་བཅས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས། 

ཟླ5བའི་ཚེས7ཉིན། ཟི་ལིང་གྲོང་ཁྱེར་གྱིས་ཧོང་ཡོན་རྫོང་ཁྲེང་ཀོན་གྲོང་རྡལ་དང་། པ་ཡན་ཞང་། མཁར་ནུབ་ཁུལ་བཅས་ལ་འཇགས་རྣམ་དོ་དམ་བྱས་པ་དང་། སོ་སོར་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱས། ཉིན་དེར་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དང་ཧོང་ཡོན་རྫོང་གི་མི་ཐེངས་ཁྲི37.38ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་། མཁར་ནུབ་ཁུལ་གྱི་གཙོ་གནད་དོ་དམ་ཚོད་འཛིན་གྱི་མི་ཚོགས་ཁྲོད་ནས་གདགས་གཤིས་ཀྱི་མ་དཔེ་མི7བྱུང་བ་དང་། མཇུག་འབྲས་གཞན་དག་ཚང་མ་སྲིབ་གཤིས་རེད། ཧོང་ཡོན་རྫོང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་ཀྱང་ཚང་མ་སྲིབ་གཤིས་རེད། 

མིག་སྔར་ནད་པ་ཚང་མ་གཏན་འཁེལ་བྱས་པའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རིམས་ནད་བརྟག་དཔྱད་སོགས་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་བཞིན་ཡོད། དེ་དང་ཆབས་ཅིག་ནད་པའི་སྡོད་ཁུལ་ཚང་མ་བཀག་སྡོམ་བྱས་ཡོད། ཕན་ཚུན་ལ་ནད་དུག་འགོས་པར་སྔོན་འགོག་བྱ་ཆེད། འགུལ་སྐྱོད་བྱེད་ས་དང་ཁོར་ཡུག་ཡོངས་ལ་གཟབ་ནན་གྱིས་དུག་སེལ་བྱེད་བཞིན་ཡོད། 

ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་ནི་པྲོག་གསར་ནད་དུག་གི་མཇུག་འབྲས་གདགས་གཤིས་ཡིན་པ་ཤེས་རྟོགས་བྱུང་རྒྱུ་དང་། ནད་པ་དག་མགྱོགས་མྱུར་སྒོས་ལོགས་སུ་བཀར་བ། འགོས་ནད་མཆེད་རྒྱུ་བཀག་འགོག་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་དང་ཕན་འབྲས་ཆེ་ཤོས་ཀྱི་བྱ་ཐབས་ཤིག་ཡིན་ལ། པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་གཏན་འཁེལ་བྱེད་པའི་ཚད་གཞི་ཨང་དང་པོ་དེ་ཡིན་པ་མ་ཟད། སྔ་མོ་ནས་ཤེས་རྟོགས་བྱུང་བ་དང་སྔ་མོ་ནས་ལོགས་དབྱེ་བྱེད་པ། སྔ་མོ་ནས་བརྟག་དཔྱད་བྱེད་པ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་ཀྱི་འགག་རྩའི་བྱ་ཐབས་ཤིག་ཀྱང་ཡིན། ཟླ5བའི་ཚེས9ཉིན། ཟི་ལིང་གྲོང་ཁྱེར་གྱིས་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། མཁར་ཤར་ཁུལ།(ཏུན་ཁྲོན་བཟོ་ལས་གླིང་ཁུལ་འདུས)མཁར་དཀྱིལ་ཁུལ།(ནན་ཁྲོན་བཟོ་ལས་གླིང་ཁུལ་འདུས) མཁར་བྱང་ཁུལ།(སྐྱེ་དངོས་གླིང་ཁུལ་འདུས) ཧོང་ཀྲུང་ཆུས་བཅས་སུ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།